འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་29ཉིན།

༄༅།།བོད་ཀྱིས་2025ལོའི་སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱ་ཨང་དང་པོ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་29ཉིན། 15:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་ཀྱིས་2025ལོའི་སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱ་ཨང་དང་པོ་སྟེ། 《བོད་ལྗོངས་ཡོངས་ཀྱི་ནགས་དཔོན་ལམ་ལུགས་ཀྱི་གཙོ་གནད་ལས་དོན་ལེགས་སྒྲུབ་བྱེད་དགོས་པའི་སྐོར་གྱི་བཀའ་རྒྱ》ཁྱབ་བསྒྲགས་བྱས་ནས་སྤུས་འབྲས་ལེགས་གཉེར་དང་། ནགས་ཚལ་རྒྱ་སྐྱེད་དང་ལྗོན་ཤིང་མང་དུ་གཏོང་བ། ཐོན་ཁུངས་སྲུང་སྐྱོང་། སྤྱི་གླིང་གསར་འཛུགས། མེ་འགོག་དང་གནོད་འབུ་འགོག་པ། ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་དྲུག་ལ་དམིགས་ནས་2025ལོའི་གཙོ་གནད་ལས་འགན་ཁག་12ཁ་གསལ་བཟོས་པ་རེད།

སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱའི་ནང་ཁ་གསལ་བསྟན་དོན། ནགས་དཔོན་གྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་གནད་དོན་གལ་ཆེན་སྤྱི་འདོམས་དང་མཐུན་སྦྱོར་ཐག་གཅོད་བྱེད་དགོས།

ནགས་དཔོན་ལམ་ལུགས་ཀྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང“ནགས་དཔོན+”གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་སྔར་བས་གཅིག་སྡུད་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལག་བསྟར་ཤུགས་ཆེན་བྱས་ནས་ནགས་བཟོ་མུའུ་ཁྲི་100ལེགས་སྒྲུབ་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་500སླར་གསོ་བཅོས་སྐྱོང་བྱེད་དགོས། ལྷོ་རི་བྱང་རིའི་སྔོ་ལྗང་ལས་གྲྭར་མུ་མཐུད་སྐུལ་འདེད་བཏང་ནས་ལྷོ་རི་བྱང་རིའི་སྔོ་ལྗང་ལས་གྲྭ་བོད་ལྗོངས་ཡོངས་ཀྱི་ཚན་རྩལ་ལྗང་དར་གྱི་དཔེ་སྟོན་རྣམ་གྲངས་སུ་སྐྲུན་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནགས་ཚལ་དང་རྩྭ་ཐང་ལ་སྐྱེ་ཁམས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་མུ་མཐུད་བྱེད་པ། རྩྭ་ཐང་གི་ཕྱུགས་རིགས་ཐེག་ཚད་མགྱོགས་མྱུར་ཞིབ་གཏན་བྱེད་པ། གཙོ་གནད་སྲུང་སྐྱོང་བྱེད་པའི་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཚོད་སྐོར་དང་ཁྱུ་ཚོགས་ཀྱི་སྟབས་བསྟུན་ཚད་ལེན་སོགས་སྤེལ་དགོས། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ལ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ནགས་རྩྭའི་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་ཚད་ལྡན་དུ་གཏོང་བ། ནགས་ཚལ་ལྟ་ཞིབ་དང་རྩྭ་ཐང་འགྱུར་ལྡོག་ལ་ཞིབ་བཤེར་བྱེད་པ་སོགས་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་སྤེལ་བ། ཁྲིམས་སྒྱུར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་་གཏོང་བ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་གྱི་ལས་འགན་ཁག་སྒྲིག་འཛུགས་དང་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་འདོམས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས་མེ་ཟོན་སྔོན་འགོག་གི་དངོས་འཐབ་ནུས་པ་མཐོ་རུ་ཏན་ཏིག་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་གནོད་ཅན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནགས་ལས་ཀྱི་གནོད་ཅན་སྐྱེ་དངོས་གལ་ཆེན་ལ་ལྟ་ཞིབ་ཚད་ལེན་ཞིབ་བཤེར་དང་འགོག་བཅོས་ཡག་པོ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མ་ལག་སྒྱུར་བཅོས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་རྫོང་རིམ་པའི་ཚན་པ་3ནས་6བར་ལ་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་ནས་ཉམས་མྱོང་དང་བྱེད་ཐབས་འཚོལ་ཞིབ་ནུས་ལྡན་བྱེད་དགོས། ནགས་སྐྱོང་ཞིང་པ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཐཱན་བསྡུས་རྣམ་གྲངས་གསར་སྤེལ་ཉོ་ཚོང་ཚོད་ལྟ་བྱེད་པ། སྐྱེ་ཁམས་སྐྱིན་གསབ་སྲིད་ཇུས་དོན་འཁྱོལ་བཅས་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས།