གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་29ཉིན། 10:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་རེད། 《བསམ་འཆར》ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད་ད་ལྟ་འབྲེལ་ཡོད་བསམ་འཆར་བཏོན་པ་གཤམ་གསལ་ལྟར།
《བསམ་འཆར》གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ཐོག ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་རྩ་བར་འཛིན་པ་དང་། བདག་དབང་ཁ་གསལ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ། སྲིད་གཞུང་དང་ཁེ་ལས་ལོགས་དབྱེ། དོ་དམ་ཚན་རིག་དང་མཐུན་པ་བཅས་རྨང་གཞིར་བྱེད་པ། ཀུང་སི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། འཛམ་གླིང་གི་ཁེ་ལས་རྩེ་གྲ་དེ་བས་མང་བ་གང་མགྱོགས་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་དེ་རེད།
ལས་དོན་སྒྲུབ་སྐབས་འདི་དག་བྱེད་ཐུབ་པ་དགོས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཏང་གི་རྩ་འཛུགས་དང་ལས་དོན་ནུས་ལྡན་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། ཏང་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ཁེ་ལས་སྣ་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་དགོས། ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་བ་དང་། ཀུང་སི་བཅོས་སྐྱོང་གི་གྲུབ་ཆ་དང་རྩ་འཛུགས་ཀྱི་རྣམ་པ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཁེ་ལས་སྣ་ཚོགས་ཀྱིས་ཐོན་ཁུངས་ཀྱི་གཞི་རྒྱུ་བེད་སྤྱོད་བྱེད་པའི་ལས་ཕྱོད་ཆེ་རུ་དང་གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། རིགས་དབྱེ་ཁྲིད་སྟོན་དང་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁེ་ལས་ཀྱི་གཞི་ཁྱོན་དང་། འཕེལ་རྒྱས་ཀྱི་དུས་མཚམས། དབང་བའི་ལམ་ལུགས་ཀྱི་ངོ་བོ་སོགས་ལ་གཞིགས་ཏེ་རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་གྱིས་དེ་བས་གསོན་ཤུགས་ལྡན་པ་དང་། དེ་བས་མཉེན་ཆ་ལྡན་པ། དེ་བས་འགྲན་རྩོད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་དེང་རབས་ཁེ་ལས་སྐྱེད་སྲིང་བྱེད་དགོས།
དམིགས་ཡུལ་གཙོ་བོ་ནི། ལོ་ལྔ་ཡས་མས་སུ་ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་རྒྱལ་བབ་དང་འཚམ་པ་དང་། དོན་དངོས་དང་མཐུན་པ། འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་ཡོངས་ཁྱབ་ཏུ་འཛུགས་རྒྱུའི་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། བཅོས་སྐྱོང་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས། རང་བདག་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། 2035ལོར་སླེབས་སྐབས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་དང་ཁེ་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། འཛམ་གླིང་གི་ཁེ་ལས་རྩེ་གྲ་འཛུགས་སྐྲུན་མགྱོགས་པོ་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད།