འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་29ཉིན།

༄༅།།སློབ་གསོ་པུའུ་ཡིས་འདི་དག་གཏན་འགོག་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་28ཉིན། 17:03】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་27ཉིན་སློབ་གསོ་པུའུ་ཡིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ་རྨང་གཞིའི་སློབ་གསོའི“ཚད་ལྡན་དོ་དམ་མཐོ་རུ་གཏོང་བའི་ལོའི”བྱ་སྤྱོད་སྤེལ་ནས། 2024ལོའི་ཚད་ལྡན་དོ་དམ་ལོའི་ལས་ཀའི་ཕན་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག སློབ་གསོའི་ཆོས་ཉིད་དང་འགལ་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་སློབ་གྲྭ་གཉེར་བའི་བྱ་སྤྱོད་སྔར་ལས་གཙང་བཤེར་བཅོས་སྐྱོང་བྱ་རྒྱུ་རེད།

《བརྡ་ཐོའི》ནང་2025ལོའི་པར་གཞིའི་བཀག་རྒྱའི་གསལ་ཐོ་དོན་ཚན་16བཏོན་པ་དེའི་ནང་གཤམ་གསལ་ཚུད་ཡོད་པ་སྟེ།

1.ཏང་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་ལ་དམའ་འབེབས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དམ་ཡང་ན་དཔའ་བོ་དཔེ་བཟང་ལ་དམའ་འབེབས་བྱེད་པ། རྒྱལ་ཁབ་ཁ་བྲལ་གཏོང་བ། ལོ་རྒྱུས་འཁྱོག་བཤད་བྱེད་པ། བཙན་འཛུལ་ལ་ཡག་བཤད་བྱེད་པ་སོགས་ནོར་འཁྲུལ་གྱི་གཏམ་སྤྱོད་འབྱུང་བའམ་ཡང་ན་དྲ་རྒྱའི་སྨྱན་སྦྱོར་དང་། གླེང་སྟེགས་འཆད་ཁྲིད། རྒྱུགས་ཤོག་དང་རྒྱུགས་གཞི་དང་། དེ་མིན་ཡོངས་བསྒྲགས་ཀྱི་གནས་ཡུལ་དུ་ནོར་འཁྲུལ་གྱི་ལྟ་ཚུལ་ཁྱབ་སྤེལ་བྱེད་པ་བཅས་གཏན་འགོག་བྱེད་དགོས།

2.རྒྱལ་ཁབ་ཀྱི་སློབ་ཚན་ཇུས་གཞིའི་གཏན་འབེབས་དང་འགལ་ནས་སློབ་ཚན་གྱི་ནང་དོན་གང་འདོད་ལེགས་སྒྲིག་དང་། སློབ་ཚན་གྱི་ནང་དོན་འཕྲི་སྣོན་བྱེད་པ། ཚད་གཞི་ལས་བརྒལ་བ་དང་སྔོན་བརྒལ་གྱིས་སློབ་ཁྲིད་བྱེད་པ། ཀུན་སྤྱོད་དང་ལུས་རྩལ། མཛེས་རྩལ། ངལ་རྩོལ་སློབ་གསོ། ཕྱོགས་བསྡུས་ལག་ལེན་བྱེད་སྒོ་བཅས་ཀྱི་སློབ་ཚན་གྱི་ཆུ་ཚོད་བཙན་བཟུང་བྱེད་པ་གཏན་འགོག་བྱེད་དགོས།

3.སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱས་པའི་སྤྱི་འབོར་དང་དུས་ཡུན་ལས་བརྒལ་བའི་ལས་བྱ་བཀོད་སྒྲིག་བྱེད་པའམ་ཡང་ན། བསྐྱར་ཟློས་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་བྱེད་པ་གཏན་འགོག་བྱེད་དགོས།

4.རྒྱུན་ལྡན་གྱི་རྒྱུགས་ལེན་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས། རྒྱུགས་ལེན་ཐེངས་མང་སྒྲིག་འཛུགས་བྱས་ནས་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་རུ་གཏོང་བ་གཏན་འགོག་བྱེད་དགོས།

5.རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱས་པའི་སློབ་མའི་གཉིད་ལོག་པའི་དུས་ཚོད་དང་འགལ་ནས་སློབ་མའི་དུས་ཚོད་བཀོད་སྒྲིག་བྱས་ཏེ། སློབ་སྦྱོང་གི་དུས་ཚོད་རིང་དྲགས་པའི་གནད་དོན་བཟོ་བའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་མ་ཚོའི“སློབ་ཐུན་བར་གྱི་སྐར་མ་བཅུའི”ངལ་གསོ་བཙན་བཟུང་བྱེད་པ་གཏན་འགོག་བྱེད་དགོས།

6.སློབ་གྲྭས་སློབ་གསོ་སྲིད་འཛིན་སྡེ་ཁག་གི་གཅིག་གྱུར་གཏན་འབེབས་ཀྱི་སློབ་གྲྭའི་ལོ་ཐོ་ལས་འགལ་ནས། སྔ་སྣུར་དུ་སློབ་འགོ་ཚུགས་པ་དང་གུང་གསེང་ཕྱིར་འགྱངས་བྱེད་པ། དུས་ཆེན་དང་དབྱར་དགུན་གུང་གསེང་བེད་སྤྱད་དེ་སློབ་མ་སྒྲིག་འཛུགས་བྱས་ནས་ཐུན་མོང་ཐོག་སློབ་ཁྲིད་དང་གསབ་ཁྲིད་བྱེད་པ་གཏན་འགོག་བྱེད་དགོས།

7.སློབ་གྲྭ་འབྲིང་ཆུང་གིས་སྐྱེས་ཁུངས་ཀྱི་གདམ་ག་དམིགས་ཡུལ་དུ་བྱས་པའི་རྒྱུགས་ལེན་རིགས་ཁག་སྒྲིག་འཛུགས་བྱེད་པའམ་ཡང་ན་འགྲན་བསྡུར་ལག་ཁྱེར་སྣ་ཚོགས་དང་། སྤྱི་ཚོགས་གསོ་སྦྱོང་གི་གྲུབ་འབྲས། རྒྱུགས་ལེན་རིམ་པའི་དཔང་ཡིག་སོགས་སློབ་མ་བསྡུ་བའི་གཞི་འཛིན་སར་སྤྱོད་རྒྱུ་གཏན་འགོག་བྱེད་དགོས།

8.སློབ་རིམ་འཕར་ཚད་དམ་ཡང་ན་རྒྱུགས་ལེན་གྱི་གྲུབ་འབྲས་ལ་གཞིགས་ནས། སློབ་གྲྭར་དཔྱད་ཞིབ་ཀྱི་ཨང་རིམ་སྒྲིག་རྒྱུ་དང་། དགེ་རྒན་ལ་ཨང་རིམ་སྒྲིག་པ། བྱ་དགའ་དང་ཆད་གཅོད་བྱ་རྒྱུ་གཏན་འགོག་བྱེད་དགོས།

9.དགེ་རྒན་གྱིས་སློབ་མར་མཐོང་ཆུང་བྱེད་པ་དང་། སློབ་མར་ལུས་ཆད་གཅོད་པ་དང་། རྣམ་པ་བསྒྱུར་ནས་ལུས་ཆད་གཅོད་པ། འཕྱ་སྨོད་གཅར་རྡུང་། འདོད་སྲེད་བརྙས་བརྐོ་འམ་ཡང་ན་མི་གཤིས་ལ་རྒྱ་ལ་དམའ་འབེབས་བྱེད་པའི་བྱ་སྤྱོད་གཞན་དག་སྤྱོད་རྒྱུ་གཏན་འགོག་བྱེད་དགོས།

10.སློབ་གྲྭས་ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་གི་བླང་བྱ་དང་འགལ་ནས། སློབ་གྲྭའི་དོ་དམ་ཁྲོད་རྒྱུན་ལུགས་དང་འགལ་བའི་ཤེས་རྟོགས་དང་། སྤྱི་པའི་གོ་རིམ་དང་གོམས་སྲོལ་བཟང་པོ་དང་འགལ་བ། འབྲེལ་ཡོད་ཀྱི་གཞི་འཛིན་ས་མེད་པའི་སློབ་གྲྭའི་སྒྲིག་སྲོལ་དང་སྒྲིག་ཁྲིམས་དོན་ཚན་གཏན་འབེབས་བྱས་ཏེ། སློབ་མར་འདྲ་མཉམ་མིན་པའི་ལྟ་སྟངས་དང་། སློབ་མ་དང་ཁྱིམ་བདག་གི་བརྩེ་དུང་ལ་གནོད་འཚེ་གཏོང་བ་སོགས་དོ་དམ་བྱ་སྤྱོད་འབྱུང་བར་གཏན་འགོག་བྱེད་དགོས།

11.སློབ་གྲྭས་མང་པོས་ཉུང་བར་བརྙས་བཅོས་བྱེད་པ་དང་། སྟོབས་ལྡན་གྱིས་ཞན་པར་བརྙས་བཅོས་བྱེད་པ། ཆེ་བས་ཆུང་ལ་བརྙས་བཅོས་བྱེད་པ་སོགས་སློབ་མར་བརྙས་བཅོས་བྱེད་པའི་བྱ་སྤྱོད་སྣང་མེད་དུ་འཇོག་པ་དང་བཟོད་སྒོམ་བྱེད་པ་གཏན་འགོག་བྱེད་དགོས།

12.སློབ་གྲྭའི་བདེ་འཇགས་ཞིབ་བཤེར་དང་དག་ཐེར་གྱི་ཕྱི་ཚུལ་རིང་ལུགས་དང་། ཉེན་ཁ་ཞིབ་བཤེར་དོ་དམ་ཚོད་འཛིན་དང་འཕྲལ་བསྟུན་ཐག་གཅོད་བྱེད་ཐབས་སོགས་ལམ་སྲོལ་འཐུས་ཚང་མིན་པ། སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཚབས་ཆེན་སྣང་མེད་དུ་གཏོང་བ། དོན་རྐྱེན་ཚབས་ཆེན་བྱུང་རྗེས་གསང་བ་དང་རྫུན་བཤད། ཐག་གཅོད་འོས་འཚམ་མིན་པ་གཏན་འགོག་བྱེད་དགོས།

13.སློབ་གྲྭས་ཟས་རིགས་བདེ་འཇགས་དོ་དམ་གྱི་འགན་འཁྲི་མི་བསྒྲུབས་པ་དང་། སློབ་གྲྭའི་ཟ་ཁང་འཁོར་སྐྱོད་དང་ཟས་རིགས་འཕྲོད་བསྟེན་བདེ་འཇགས་སོགས་ལ་ལྟ་སྐུལ་དོ་དམ་སྣང་མེད་དུ་བཏང་སྟེ། སློབ་མར་རུལ་བ་དང་ངོ་བོ་ངན་པའམ་ཡང་ན་འཕྲོད་བསྟེན་བདེ་ཐང་གི་བདེ་འཇགས་ཚད་གཞི་དང་མི་མཐུན་པའི་ཟས་རིགས་ཟ་རུ་བཅུག་པས། ཟས་དུག་ཕོག་པའམ་ཡང་ན་ཟས་རིགས་འབྱུང་ཁུངས་རང་བཞིན་གྱི་ནད་རིགས་གཞན་དག་འབྱུང་བར་གཏན་འགོག་བྱེད་དགོས།

14.སྒྲིག་འགལ་གྱིས་སློབ་དེབ་འདེམས་སྤྱོད་དང་། སྒྲིག་འགལ་གྱིས་སྦྱངས་གཞི་བསྡུ་ལེན་དང་མངག་ཉོ་བྱེད་པའམ་ཡང་ན། རྣམ་པ་གང་རུང་གི་ཐོག་ནས་སློབ་མར་དམིགས་འཛུགས་ཐབས་ལམ་བརྒྱུད་དཔེ་དེབ་དང་། གློག་རྡུལ་ཐོན་རྫས། སློབ་དེབ་རྒྱུ་ཆ། ཡིག་ཆས་སོགས་ཉོ་རྒྱུ་བཙན་ཤེད་དང་འཇམ་ཁྲིད་བྱེད་པ་གཏན་འགོག་བྱེད་དགོས།

15.སློབ་གྲྭའི་གྱོན་གོས་འདེམས་ཉོ་བྱེད་པའི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་བཙན་ཤེད་ཀྱིས་སློབ་གྲྭའི་གྱོན་གོས་ཉོ་རྒྱུ་དང་། སློབ་གྲྭའི་གྱོན་གོས་ཉོས་པར་བརྟེན་ནས་ཁེ་སྤོགས་འཚོལ་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་རྒྱུ་གཏན་འགོག་བྱེད་དགོས།

16.སློབ་གྲྭས་གྲོན་བསྡུའི་དོ་དམ་གཏན་འབེབས་དང་འགལ་ནས་རང་དགར་གྲོན་བསྡུའི་རྣམ་གྲངས་ཁ་སྣོན་དང་། གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་བ། གྲོན་བསྡུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། སློབ་མར་སྤྲད་པའི་རོགས་སྐྱོར་མ་དངུལ་སྣ་ཚོགས་འཕྲི་འཐེན་བཙན་བཟུང་དང་གཞན་སྤྱོད་བྱེད་པ་སོགས་གཏན་འགོག་བྱེད་དགོས།