གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་28ཉིན། 14:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གཞིར་བཟུང་། ད་ལོའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དང་དེར་ཞབས་འདེགས་ཧུར་ཐག་ཞུས་པས། སྲིད་ཇུས་ཀྱི་ནུས་པ་རྒྱུན་མཐུད་ཐོན་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར་ཞིང་ཆེན་ཡོངས་ཀྱིས་དཔལ་འབྱོར་གྱི་གནོན་ཤུགས་ཁྱད་བསད་ཐུབ་སྟེ་དཔལ་འབྱོར་འཁོར་སྐྱོད་ཀྱི་འཕེལ་ཕྱོགས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
བཟོ་ལས་ཐོན་སྐྱེད་ཇེ་མགྱོགས་སུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་6.6%འཕར་བ་དང་། འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.2མགྱོགས་སུ་ཕྱིན་ཡོད། དེའི་ནང་ཟླ་བ་4པར་7.3%འཕར་ཡོད། རིགས་ཆེན་པོ་གསུམ་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་8.8%འཕར་བ་དང་། གཏེར་འདོན་ཐོན་ལས་ཀྱི་འཕར་ཐང་10.8%འཕར་བ། གློག་ཤུགས་དང་། ཚ་ཤུགས། སོལ་རླངས་བཅས་དང་དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་འཕར་ཐང་1.1%ཆག་ཡོད་པ་རེད།
གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་རྒྱུན་མཐུད་འཕར་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་4.2%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་ཚད་43.8%འཕར་བ་དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྦྲག་སྲིད་ལས་རིགས་ལ་མ་དངུལ་འཇོག་ཚད་55.5%འཕར་བ་དང་། ཆ་འཕྲིན་བརྒྱུད་གཏོང་ཞབས་ཞུའི་ལས་རིགས་ལ་མ་དངུལ་འཇོག་ཚད་82.2%འཕར་བ། ཆུ་བེད་དང་། ཁོར་ཡུག སྤྱི་པའི་སྒྲིག་བཀོད་དོ་དམ་བཅས་ཀྱི་ལས་རིགས་ལ་མ་དངུལ་འཇོག་ཚད་18.6%འཕར་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་19.0%འཕར་ཡོད། སྒོར་དུང་ཕྱུར་གཅིག་ཡན་གྱི་ཨར་ལས་རྣམ་གྲངས་380ཡོད་པ་དེ་དག་ལོ་གོང་མའི་དུས་མཚུངས་ལས་35མང་དུ་ཕྱིན་པ་དང་མ་འཇོག་ལེགས་གྲུབ་བྱེད་ཚད་དུས་མཚུངས་ལས་7.7%འཕར་ཡོད།
འཛད་ཟོག་ཁྲོམ་ར་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་294.24མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་1.9%འཕར་བ་དང་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.3མགྱོགས་སུ་ཕྱིན་ཡོད། གཞི་ཁྱོན་ནས་བལྟས་ན། བཅད་གྲངས་ཡན་གྱི་ཚན་པའི་འཛད་ཟོག་སིལ་ཚོང་བསྡོམས་འབོར་དུས་ཚིགས་དང་པོའི་1.5%ཆག་པ་ནས་1.2%འཕར་བར་བསྒྱུར་བ་དང་། བཅད་གྲངས་མན་གྱི་ཚན་པའི་འཛད་ཟོག་སིལ་ཚོང་བསྡོམས་འབོར་2.5%འཕར་ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་ཚོང་ཟོག་སིལ་ཚོང་ནས་བལྟས་ན། ནུས་རྒྱུ་གསར་པའི་རླངས་འཁོར་སིལ་ཚོང་གྲངས་འབོར་དུས་མཚུངས་ལས་44.5%འཕར་བ་དང་། ཆ་ལུགས་རིག་ནུས་སྒྲིག་ཆས་ལྡབ་2.0འཕར་བ། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་39.6%འཕར་བ་བཅས་རེད།
(བདེ་དབང་གིས་བསྒྱུར། པ་ཕན་གྱིས་ཞུས)