འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་28ཉིན།

༄༅།།རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དུས་དང་
རྣམ་པ་ཀུན་ཏུ་རྒྱུན་མཐུད་འབད་འཐབ་ཀྱི་གྲ་སྒྲིག་བྱེད་དགོས།

—— ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་28ཉིན། 10:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚེས་27ཉིན་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་གདོང་ལེན་རུ་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།

     ལོ་ཆུང་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ཆེར་འགྱུར་བ་ཡིན། ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རེ་བའང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་བྱ་གཞག་ལ་རྗེས་འཛིན་པ་ཡོད་པ་དང་གསར་བརྗེའི་རི་ཀླུང་གི་ཚོན་མདོག་ནམ་ཡང་མི་འགྱུར་བའི་འགན་ལེན་བྱེད་པའི་འཐབ་ཇུས་མཐོ་ཚད་ནས་ལོ་ཆུང་བྱིས་པ་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བར་ཐུགས་ཁུར་དང་། ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་མཐོང་ཆེན། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཅས་གནང་སྟེ། དུས་རབས་གསར་པར་ཏང་གི་ལོ་ཆུང་བྱིས་པའི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་མཛུབ་ཁྲིད་གནང་ཡོད། ལྷག་པར་དུ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན། ལོ་ཆུང་གདོང་ལེན་རུ་ཁག་གིས་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ལ་དམིགས་ནས་བསམ་བློ་ཆབ་སྲིད་ཀྱིས་སྣེ་འཁྲིད་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་ཁྱད་ཆོས་ལྡན་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བས། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱ་ཆེའི་གདོང་ལེན་རུ་མིས་ཏང་གཅེས་རྒྱལ་གཅེས་དང་། རང་ཚུགས་རང་དར། འབད་འབུངས་ཡར་བརྩོན་བཅས་ཀྱི་དཔའ་ཉམས་ཆེར་སྐྱེད་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    རླབས་ཆེན་གྱི་དུས་རབས་ནང་སྐྱེས་པ་དང་ཏང་གི་དྲོ་སྐྱིད་ཉི་འོད་འོག་འཚར་ལོངས་བྱུང་བའི་ལོ་ཆུང་གདོང་ལེན་རུ་མི་ཚོ་ནི་བདེ་སྐྱིད་ལྡན་པའི་མི་རབས་ཤིག་རེད་ལ། ཕྲག་ཏུ་འགན་འཁྲི་ལྕི་པོ་འཁུར་བའི་མི་རབས་ཤིག་ཀྱང་རེད། དེང་གི་ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་རྒྱུན་འཛིན་པ་དང་འབྱུང་འགྱུར་གྱི་གཙོ་ཤུགས་དམག་ཅིག་ཡིན། གཟི་བརྗིད་ལྡན་པའི་ཕུགས་འདུན་མངོན་འགྱུར་དང་བརྗིད་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བར་འབྱུང་འགྱུར་ལོ་ཆུང་བྱིས་པ་ཚོས་རྒྱུན་མཐུད་འབད་འཐབ་བྱེད་པར་བརྟེན་དགོས། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲང་བ་དང་། ཆུང་དུས་ནས་ཕུགས་འདུན་ཆེན་པོ་འཆང་བ། མཛེས་སྡུག་ལྡན་པའི་ལོ་ཟླར་གཅེས་སྤྲས་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་བྱིས་པ་བཟང་པོ་ཞིག་བྱས་ཚེ། ནར་སོན་རྗེས་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་ཞིག་ཏུ་འགྱུར་ངེས་རེད།

     ལོ་ཆུང་གདོང་ལེན་རུ་ཁག་ནི་ཏང་གིས་བཙུགས་པ་དང་འགོ་ཁྲིད་པའི་ཀྲུང་གོ་ལོ་ཆུང་བྱིས་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཤིག་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲ་སྒྲིག་རུ་ཁག་ཅིག་ཡིན་པས། དུས་རབས་གསར་པའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཡོད། རྒྱང་ལམ་གསར་པར། ལོ་ཆུང་བྱིས་པ་དང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རུ་ཁག་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བཅས་བྱས་ཏེ་སྐེ་དར་དམར་པོའི་བྱ་གཞག་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་རྒྱས་པར་བྱེད་དགོས། ཏང་གིས་ལོ་ཆུང་གདོང་ལེན་རུ་ཁག་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་རྒྱབ་སྐྱོར། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གུང་གཞོན་སྡེ་ཚོགས་ཀྱིས་སྣེ་ཁྲིད། ཚོགས་སློབ་མཉམ་སྒྲུབ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བཅས་བྱེད་པའི་གདོང་ལེན་རུ་ཁག་གི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྡེ་ཚོགས་ཡོངས་ཀྱིས་རུ་སྣེ་ཁྲིད་པའི་གུང་གཞོན་སྡེ་ཚོགས་ཀྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ལམ་སྣེ་སྟོན་མཁན་ཡག་པོ་ཞིག་བྱས་ཚེ། དུས་རབས་གསར་པར་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་ནས་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཐུབ་ངེས་རེད།

    ལོ་ཆུང་ལ་ཕུགས་བསམ་ལྡན་ན་རྒྱལ་ཁབ་ལ་རེ་བ་ཡོད་པ་དང་། ལོ་ཆུང་ལ་ཡར་བརྩོན་ལྡན་ན། རྒྱལ་ཁབ་འཕེལ་རྒྱས་འགྲོ་ཐུབ། ཕུགས་འདུན་རླབས་པོ་ཆེས་ཁྱེད་ཚོ་འབད་འབུངས་ཡར་བརྩོན་ཡོང་བར་ལྕག་སྐུལ་གཏོང་བཞིན་ཡོད་ལ། ཏང་དང་མི་དམངས་ཀྱིས་ཀྱང་ཁྱེད་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུགས་རེ་ཟབ་མོ་འཆང་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་ཡོང་བར་རྒྱུན་མཐུད་འབད་འཐབ་བྱ་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱས་ཚེ། ལོ་ཆུང་བྱིས་པ་ཚོས་རེ་བ་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་སྐེ་དར་དམར་པོར་དུས་རབས་གསར་པའི་གཟི་འོད་སྣོན་ཐུབ་ངེས་རེད།