འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་27ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་27ཉིན། 09:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། སྐབས་འདིའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ས་ཁོངས་དབར་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ཡོད་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་ནུབ་རྒྱུད་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་ཡང་ལས་སྟེགས་ནུས་ལྡན་ཞིག་མཁོ་འདོན་བྱས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཐུན་སྒྲིལ་བྱས་ན་ད་གཟོད་གཉིས་ཕན་ཡོང་བ་དང་། ལག་གདང་སྦྲེལ་ན་ད་གཟོད་མཉམ་དུ་འཕེལ་རྒྱས་འགྲོ་ཐུབ། ང་ཚོས་ཐེངས་འདིའི་དངོས་མང་སྟོན་ཚོགས་གོ་སྐབས་སུ་བྱས་ཐོག རྒྱལ་ཁབ་ཁག་གི་གྲོགས་པོ་ཚོ་དང་མཉམ་དུ་ཕན་ཚུན་རྒྱུས་མངའ་དང་། མཛའ་མཐུན། མཉམ་ལས་བཅས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་ལ་ཐོགས་མེད་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། འཛམ་གླིང་དཔལ་འབྱོར་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད།

     ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པ་ཉིན་དེར་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“སྒྱུར་བཅོས་ཟབ་ཏུ་བཏང་ནས་སྒུལ་ཤུགས་ཆེ་རུ་གཏོང་། སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པ་ཡིན་པ་དེ་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་ཞིག་རེད།