འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་26ཉིན།

སི་ཁྲོན་ཁྲེང་ཏུའུ་ཡི་དབང་ཕིང་སྲང་ལམ་དུ་ལོར་ཆ་སྙོམས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་བརྒྱད་བརྒྱ་ལྷག་ཙམ་ཟིན་པ།

༄༅།།ཁྲོམ་ཁུལ་རྙིང་པ་འདིས་ཇི་ལྟར་བྱས་ཏེ་འཛད་སྤྱོད་གསོན་ཤུགས་འཕེལ་བར་བྱས་པ་ཡིན་ནམ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་26ཉིན། 09:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཡིའུ་དབྱིས།

    ཅིན་ཅང་ཆུ་བོ་དང་། རྡོ་གཅལ་ལམ། སི་ཁྲོན་ཁྲེང་ཏུའུ་ཡི་དབང་ཕིང་སྲང་ལམ། སྨྱུག་མའི་རྐུབ་སྟེགས་དང་ཤིང་གི་སྒྲོག་ཙེ་བཅས་ཆུ་འགྲམ་དུ་རིམ་པ་སྟར་ཆགས་སུ་གནས་ཏེ་ཡུལ་སྐོར་བས་ཁེངས།

   “ཁྲོན་ཅུས་ཟློས་གར་དང་། ཞིམ་ཟས། རིག་གནས་བསམ་བཀོད་ལ་སོགས་དེ་གར་འཚོ་བའི་ཉམས་སྣང་གིས་ཕྱུག”མེ་ཧྭ་ཟློས་གར་ཁང་དུ་ཁྲོན་ཅུས་ཟློས་གར་ཞིག་བལྟས་ནས་དོན་འོང་བའི་པེ་ཅིང་གི་ཡུལ་སྐོར་བ་ཀྲང་ལེང་གིས་ཐད་ཀར་ཉེ་འགྲམ་གྱི་རྒྱ་ཁོག་ཟ་ཁང་དུ་བསྐྱོད་ནས་དེ་གར་བསྡད།

    རྒྱང་མི་རིང་བའི་སར་ཧོང་ཅའོ་ཤིང་སྡོང་འོག་ཏུ་དམངས་གཞས་ཀྱི་སྒྲ་དབྱངས་ལྷང་ལྷང་དུ་གྲགས། “བསམ་ཡུལ་ལས་འདས་པར་ད་དུང་གཞས་གཏོང་མཁན་འདུག དེ་གར་གནའ་ཉམས་ཁྲེང་ཏུའུ་ཡི་ཉམས་འགྱུར་མངོན་གྱི་འདུག་ལ་དུས་རབས་གསར་པའི་ཉམས་ལེན་ཡང་བྱེད་ཐུབ་ཀྱི་འདུག་པས་བྲལ་མི་འདོད་པ་ཞིག་འདུག”ཅེས་ཀྲང་ལེང་གིས་དེ་ལྟར་ཤོད་བཞིན་རོལ་དབྱངས་ཉན་ཞོར་ལང་ལོང་དུ་འཁོལ་བའི་རྒྱ་ཁོག་ནང་དུ་གྲོད་ལྷེབ་ཅིག་བླུགས།

    ཁྲེང་ཏུའུ་ཁྲེང་ཧྭ་ཆུས་མོང་ཀྲུའེ་དབན་ཁྲོམ་གཞུང་དུ་ཆགས་པའི་དབང་ཕིང་སྲང་ལམ་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་དེའི་རིང་ཚད་ཡོངས་ལ་སྤྱི་ལེ་2.5དང་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་1.68ཡོད་པ་རེད། འདས་མ་ཐག་པའི“ལྔ་གཅིག”ངལ་གསོའི་རིང་ཡུལ་སྐོར་བ་ཁྲི་20ཙམ་སླེབས་ཡོད་པ་རེད།

    “སྔོན་ཆད་དེ་གར་ཡུལ་སྐོར་བ་ཧ་ཅང་ཉུང་ཉུང་རེད”མོང་ཀྲུའེ་དབན་ཁྲོམ་གཞུང་དབང་ཕིང་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཏེའོ་ཅིང་གིས་སྔོན་ཆད་དབང་ཕིང་སྲང་ལམ་དེ་ཉིད་གོག་ཧྲུལ་དང་ཟང་ཟིང་ཡིན་པས་རྟག་ཏུ་རླངས་འཁོར་གང་སར་བཞག་ནས་གམ་དུ་ཡོད་པའི་འཁྲུག་ཆ་ཤིན་ཏུ་དོད་པའི་ཁྲུན་ཤིས་ལམ་གྱི་ཚོང་གྲོང་དང་ཧེ་བག་ཆེན་པོ་འཛོལ་ཡོད་ཅེས་བཤད།

     སྒྱུར་བཀོད་དང་བཅོས་སྐྱོང་གི་རེ་སྒུག་བྱེད་པའི་ཐད་ཉེ་འཁོར་གྲོང་མིས་བསམ་འཆར་མང་པོ་བཏོན་ཞིང་། 2018ལོར་ཁྲེང་ཧྭ་ཆུས་ཀྱིས་མོང་ཀྲུའེ་དབན་ཡུག་ཁུལ་གྱི་གྲོང་ཁྱེར་གསར་སྐྲུན་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་ཡུལ་ལྗོངས་སྒྱུར་བཀོད་བྱས་ཏེ་ཁྲོམ་གཞུང་གོག་རྙིང་ཞིག་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ཞིག་ཏུ་འགྱུར་ལྡོག་བྱུང་ཡོད།

    “ང་ཚོས་ཆེད་ལས་ཀྱི་ཁེ་ལས་གདན་དྲངས་ཏེ། ཇུས་འགོད་དང་། སྒྱུར་བཀོད། གཉེར་སྐྱོང་བཅས་སྡེབ་གཅིག་ཏུ་འགན་གཙང་བཏང་བ་ཡིན”ཏེའོ་ཅིང་གི་ངོས་ནས་བཤད་ན་ཁྲོམ་གཞུང་སྒྱུར་བཀོད་བྱེད་པ་དེས་མཐའ་འཁོར་གྲོང་མིའི་འཚོ་བའི་དཀའ་གནད་ཐག་གཅོད་བྱས་པ་ཞིག་ཡིན་པ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་བར་མཐོངས་དང་ལས་རྣམ་ལོགས་དབྱེ་དང་ཐོན་ལས་ཕྱོགས་སྒྱུར་རྣམ་པའི་རིམ་སྤོར་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་བྱས་པ་ཞིག་ཀྱང་རེད།

     ཁྲོམ་གཞུང་རྙིང་པ་གོག་ཧྲུལ་མིན་པ་དང་སྲང་ལམ་ཆུང་ངུ་རྟག་ཏུ་རྣམ་པ་གསར་རྐྱང་དུ་གནས་ཤིང་། དབང་ཕིང་སྲང་ལམ་དུ་དུས་རབས་ཀྱི་ཉམས་འགྱུར་གྱིས་ཡོངས་སུ་ཕྱུག་པའི་བྱེད་སྒོ་གསར་པ་དང་ལས་རྣམ་གསར་པ་མྱུར་དུ་འདུས་པ་དང་ཅི་ཧོ་དེབ་ཁང་ཁྲེང་ཏུའི་དེབ་ཁང་དང་པོ་དང་། གནའ་ཉམས་དོད་པའི་རྒྱན་གོས་ཚོང་ཁང་། སྤོས་རྫས་དང་ཀོག་ཧྥེ་མཉམ་འདྲེས་ཚོང་ཁང་ལ་སོགས་ཁྲོམ་རྒྱུད་དུ་དར་སོ་ཆེ་བའི་ཁྱད་ལྡན་ཚོང་ཁང་རིམ་པ་སྟར་དུ་ཆགས་ཡོད།

    “ང་ཚོས་བརྗོད་དོན་གཙོ་བོའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་དང་ཁྱད་ལྡན་ཚོང་ཁང་འདྲེན་སྒུག་བྱེད་པ་སོགས་བརྒྱུད་འཛད་སྤྱོད་ཉམས་ལེན་རིམ་སྤོར་དང་དེ་སྔའི་ཁྲེང་ཏུའི་དྲན་ཤེས་སོར་འཇོག་བྱས་ཏེ་ཁྲེང་ཏུའུ་གསར་པའི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་ཡོད”ཅེས་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་གི་གཉེར་སྐྱོང་འགན་ཁུར་བ་ཞུས་ལུའུ་ཡིས་ངོ་སྤྲོད་བྱས་པ་དང་དབང་ཕིང་སྲང་ལམ་དེ་ཉིད་ཚོང་ཁང་ཆུང་ངུའི་དཔལ་འབྱོར་དང་། ཚོང་ཁང་ཐོག་མའི་དཔལ་འབྱོར། མཚན་མོའི་དཔལ་འབྱོར་བཅས་ཁྱད་ཆོས་གཙོ་བོར་བྱས་པའི་གསོན་ཤུགས་ཀྱིས་ཁེངས་པའི་ཁྲོམ་གཞུང་དུ་གྱུར་ནས་ལོར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་800ལས་བརྒལ་བར་སྣེ་ལེན་ཞུས་ཡོད།