གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་25ཉིན། 11:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་5ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉི་ཁུའུ་ཧྲོར·ཏ་ཨེན་ལ་གློག་འཕྲིན་བཏང་ནས་ཁོང་རོ་མ་ནི་ཡའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས། རོ་མ་ནི་ཡ་ནི་འཛམ་གླིང་ཐོག་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་རྒྱལ་ཁབ་གསུམ་པ་དེ་ཡིན། དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་རོ་མ་ནི་ཡ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་སྲོལ་རྒྱུན་གྱི་མཛའ་གཅུགས་དུས་ཡུན་རིང་པོར་མི་འགྱུར་བརྟན་པོར་གནས་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན་པའི་ཀྲུང་གོ་དང་རོ་མ་ནི་ཡ་རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ། མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དུས་རབས་ཀྱི་གོ་སྐབས་ལ་མཉམ་དུ་དམ་འཛིན་བྱས་ནས་ལག་གདང་དཔུང་སྦྲེལ་གྱིས་ཉེན་ཁ་དང་འགྲན་སློང་ལ་དེ་བས་ཁ་གཏད་གཅོག་དགོས། ངས་ཀྲུང་གོ་དང་རོ་མ་ནི་ཡའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བདམས་ཐོན་བྱུང་བའི་ཙུང་ཐུང་ཏ་ཨེན་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།