གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་25ཉིན། 11:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་འཇར་མན་གྱི་ཙུང་ལི་མོ་ཚི་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་མོ་ཚི་ཡིས་འཇར་མན་གྱི་ཙུང་ལིའི་འགན་བཞེས་པར་སླར་ཡང་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་རྒྱལ་སྤྱིའི་དུས་བབ་ཟིང་ཆ་ཆེ་བས། ཀྲུང་འཇར་དང་ཀྲུང་ཡོའི་དབར་གྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། སྐྱོན་བྲལ་དང་བརྟན་ལྷིང་གི་ཀྲུང་འཇར་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་ཡོད་ལ། ཀྲུང་གོ་དང་ཡོ་རོབ་ཀྱི་ལས་རིགས་ཁག་གི་རེ་སྒུག་དང་ཡང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་བརྩམས་ནས་ཀྲུང་ཡོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྣེ་ཁྲིད་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་འཇར་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཉམ་ལས་གཉིས་ཁེ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། སྲོལ་རྒྱུན་བཟང་པོ་འདིར་ཕྱོགས་གཉིས་ཀས་སྲུང་སྐྱོང་ཞིབ་ཚགས་དང་རྒྱུན་འཛིན་དར་སྤེལ་གཏོང་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་དགོས་ཤིང་། ཀྲུང་གོས་འཇར་མན་རོགས་ཟླར་བརྩི་བ་མ་ཟད་འཇར་མན་དར་རྒྱས་གོང་འཕེལ་བྱུང་ན་དགའ་སྣང་བྱེད་ཀྱི་ཡོད། འཇར་མན་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་དམ་ཟབ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་འདོད་ཡོད། གཉིས་ནས་འབྲེལ་བའི་མཉེན་ཆ་ཆེ་རུ་གཏོང་དགོས་ཤིང་། ཕྱོགས་གཉིས་པོས་རླངས་འཁོར་དང་། འཕྲུལ་ཆས་སྒྲིག་བཟོ། རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གསོག་འབོར་མུ་མཐུད་མང་དུ་གཏོང་དགོས་པ་མ་ཟད། མི་ཐབས་རིག་ནུས་དང་ཚད་རྡུལ་ལག་རྩལ་སོགས་ཁྱབ་ཁོངས་གསར་ཤོས་ཀྱི་མཉམ་ལས་འཕར་འབོར་ཡང་སྐྱེད་སྲིང་བྱས་ཏེ། གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཀྲུང་གོ་དང་འཇར་མན་གྱི་བློ་གྲོས་དང་ཇུས་གཞི་སྐྱེས་སུ་འབུལ་དགོས། གསུམ་ནས་མཉམ་ལས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། འཇར་མན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཀྱི་མ་འཇོག་མཉམ་ལས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྟབས་བདེ་དེ་བས་མང་བ་བསྐྲུན་ནས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། ཕྱི་གསལ་ནང་གསལ། ཁྱད་གསོད་མིན་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་འཇར་དང་ཀྲུང་ཡོའི་དབར་གྱི་འབྲེལ་བའི་ཡང་དག་པའི་ངེས་གནས་ནི་རོགས་ཟླ་ཡིན་པ་དང་། བརྟན་ལྷིང་དང་སྔོན་དཔག་ཐུབ་པའི་སྲིད་ཇུས་ཁོར་ཡུག་ནི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་འགན་སྲུང་གལ་ཆེན་ཡིན་པ། རྒྱལ་ཁབ་ཆེན་པོའི་འགན་འཁུར་རྒྱུ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་ལས་འགན་ཡིན་པ་བཅས་དོན་དངོས་ལས་ར་འཕྲོད་གང་ལེགས་བྱུང་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་པོས་ཐུན་མོང་ཐོག་ཀྲུང་ཡོའི་འབྲེལ་བ་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ཏེ། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་དང་སྒོ་དབྱེ་གཉིས་ཕན་གྱི་མཉམ་ལས་གཏིང་ཟབ་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟགས་གཏོང་དགོས།
མོ་ཚི་ཡིས་གསུངས་དོན། ཀྲུང་གོ་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། འཇར་མན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ཁར། མཉམ་ལས་གཏིང་ཟབ་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་གཙོ་བོ་གཉིས་ཡིན་པའི་འཇར་མན་དང་ཀྲུང་གོའི་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། འཇར་མན་སྲིད་གཞུང་གསར་པས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་ཀྱིས་དགེ་མཚན་ལྡན་པ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་དམ་ཟབ་དང་། སྒོ་དབྱེ་གཉིས་ཕན་མཐའ་འཁྱོངས། དྲང་གཞག་ཚོང་དོན་ལ་སྐུལ་གཏོང་། འཛམ་གླིང་ཞི་བདེར་སྲུང་སྐྱོང་བཅས་བྱས་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་གཏོང་བ་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པས། འཇར་མན་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)