འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་23ཉིན།

༄༅།།བོད་ལུགས་གསོ་རིག་སློབ་གྲྭ་དང་པོ་ཆགས་ཡུལ་དུ་སྐྱོད་པ།

“སྨན་གླིང”དུ་བཞད་པའི་མཛའ་གྲོགས་ཀྱི་མེ་ཏོག ཧི་མ་ལ་ཡ་བརྒལ་བའི་སྨན་གྱི་དྲི་བསུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་23ཉིན། 14:13】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པས(གཡོན)ཉིང་ཁྲི་ཐན་དབང་ཞིང་འབྲོག་ཐོན་རྫས་ཚད་ཡོད་ཀུང་སིར་བཅར་འདྲི་བྱེད་བཞིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པས(གཡོན)ཉིང་ཁྲི་ཐན་དབང་ཞིང་འབྲོག་ཐོན་རྫས་ཚད་ཡོད་ཀུང་སིར་བཅར་འདྲི་བྱེད་བཞིན་པ།

སྨན་གླིང་ནི་སྙན་པའི་གྲགས་པ་འབར་བའི་ཡར་ཀླུང་གཙང་པོའི་རོང་ཆེན་གནས་སར་ཡོད། ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོ་ཧི་མ་ལ་ཡའི་རྒྱུད་དུ་བཞུར་བ་དང་སྦྲགས། ལྷོ་ཕྱོགས་ཀྱི་དྲོ་ཞིང་གཤེར་བའི་རླུང་རྒྱུན་བྱང་དུ་ལྡང་ནས་ཆར་ཆུ་འབེལ་བ་དང་བཞའ་ཚན་གྱི་གནམ་གཤིས་ཤིག་ཆགས། མུ་ལ་མུ་འཁྱུད་ཀྱི་རི་གསེབ་ཏུ་གངས་ལྷ་མེ་ཏོག་དང་ཀོ་ཤ་སོགས་སྨན་རྩྭ་སྣ་ཚོགས་སྐྱེས་ཡོད་པས་སྨན་གླིང་ཞེས་འབོད། ལོ་1200ཡི་གོང་། བོད་ལུགས་གསོ་རིག་གི་སྲོལ་གཏོད་པ་དང《དཔལ་ལྡན་རྒྱུད་བཞི》མཛད་མཁན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཡུལ་དེར་བོད་ལུགས་གསོ་རིག་སློབ་གྲྭ་དང་པོ་སྐྲུན་གནང་མཛད་ཅིང་། བོད་ལུགས་གསོ་རིག་གནས་དེ་ནས་དར་རྒྱས་གོང་འཕེལ་བྱུང་སྟེ་ས་ཁོངས་ཕྱི་ནང་དུ་ཤུགས་རྐྱེན་ཆེ་བར་གྲགས།

ལོ་དེ་རང་ལ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་མང་པོར་ཕེབས་ནས་དམངས་ཁྲོད་ཀྱི་ཡུལ་ལུགས་སྨན་བཅོས་བྱེད་སྟངས་འཚོལ་བསྡུ་གནང་བ་དང་། ད་ཆ། རི་མཐོ་གཡང་གཟར་གྱིས་བསྐོར་བའི་ནེ་པ་ལའི་གྲོང་ཚོར་རྟག་ཏུ་བོད་ལུགས་སྨན་པས་སྨན་བཅོས་བྱེད་པར་ཡོང་གི་ཡོད་ལ། ཀྲུང་གོ་དང་ནེ་པ་ལའི་སྨན་རྒྱུ་མཁོ་སྤྲོད་འཁོར་འབྲེལ་ལས་སྟེགས་ཀྱང་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་སོགས། སྔར་སོང་གི་འདས་དོན་དང་དེང་གི་རྣམ་པ་གསར་པའི་ཐོག་ནས་བོད་ལུགས་གསོ་རིག་དང“སྨན་གླིང”གི་རིག་གནས་སྤེལ་རེས་དང་མཛའ་གྲོགས་མེ་ཏོག་གི་དྲི་བསུང་ཧི་མ་ལ་ཡ་བརྒལ་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དམངས་ཚོགས་ལ་འཐུལ་བཞིན་ཡོད།

གཡུ་ཐོག་གི་རྒྱུན་འཛིན་པས་བོད་ལུགས་གསོ་རིག་གི་གྲགས་པ་ས་མཐོ་ནས་ཕྱོགས་བཅུར་ཁྱབ་པར་འབད།

སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་སྨན་གླིང་གི་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་སློབ་ཁང་ཞིག་ཏུ། མགོན་པོ་སྨན་ལུང་གཡུ་ཐོག་བོད་སྨན་སློབ་གྲྭའི་སློབ་མ་ཚོ་དཀྱིལ་ཀྲུང་དུ་བསྡད་དེ《དཔལ་ལྡན་རྒྱུད་བཞི》ངག་སྐྱོར་གཏོང་བ་དང་། གཙོ་གནད་ཤེས་བྱ་མང་པོ་ཞིག་ཟིན་ཐོར་འགོད་བཞིན་མཆིས། སློབ་ཁང་གི་གྱང་ལྡེབས་སུ་བོད་ཡིག་བྲིས་པའི་གྲུབ་པ་ལུས་དང་། གསང་མིག སྨན་རྒྱུ་བཅས་ཀྱི་སྨན་ཐང་བཀལ་ཡོད།

འདི་གར་སློབ་ཡོན་དང་ཞག་སྡོད་རིན་པ་གཉིས་ཀ་སྤྲོད་དགོས་ཀྱི་མེད། སློབ་མ་ཚོས་བོད་ལུགས་གསོ་རིག་ལ་སྦྱངས་པ་ལོ་3བྱས་རྗེས་རྒྱུགས་བཏང་ནས་བོད་ལུགས་གསོ་རིག་གི་ཆེད་ལས་ལས་རིགས་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་ལག་ཁྱེར་དང་སློབ་རྒྱུས་ལག་ཁྱེར་རག་གི་ཡོད། ལོ་20ལྷག་ཙམ་སོང་རིང་། སློབ་མ་800ལྷག་ཙམ་མགོན་པོ་སྨན་ལུང་གཡུ་ཐོག་བོད་སྨན་སློབ་གྲྭ་ནས་མཐར་ཕྱིན་ཏེ་འཛམ་གླིང་གི་ས་ཕྱོགས་གང་སར་སྨན་བཅོས་ཀྱི་ལས་ལ་གཞོལ་བཞིན་ཡོད།

སྨན་གླིང་བོད་ལུགས་གསོ་རིག་རིག་གནས་ཁང་དུ་འགྲེམས་སྟོན་བྱས་པའི་པར་རིས་ཤིག་ལས་སྐབས་དེ་དུས་ཀྱི་གནས་ཚུལ་མཚོན་ཡོད་དེ། ནེ་པ་ལའི་རྒྱལ་པོ་ཧ་ཏ་རུར་ཕོ་རྒྱུའི་གཅོང་ནད་ཕོག་སྟེ་རང་ཡུལ་གྱི་སྨན་པ་གྲགས་ཅན་ཅི་རིགས་བསྟེན་ཡང་དྲག་སྐྱེད་མ་བྱུང་བར། རྒྱལ་པོའི་གདན་ཞུས་ལྟར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཁོང་ལ་རྩ་བརྟག་རྗེས་གྲང་བའི་རང་བཞིན་གྱི་ནད་ཕོག་པ་མཁྱེན་ཏེ་རྒྱལ་པོར་ཚྭ་དང་ཨ་རག་ཕྲན་ཙམ་སྟེར་བས་ཡུན་རིང་མ་འགོར་བར་སེང་དྲག་ཏུ་སོང་། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ད་དུང་ཀ་ཧྲི་སྨིར་དུ་བོད་ལུགས་གསོ་རིག་གི་ཕྱི་བཅོས་སྨན་བཅོས་ཡོ་བྱད་སྤྱད་དེ་ཀ་ཧྲི་སྨིར་གྱི་བློན་ཆེན་སེང་གེ་སྦལ་པར་ཀ་ལིའི་ཕྱི་བཅོས་གཤགས་བཅོས་གནང་བ་ལམ་ལྷོངས་བྱུང་བ་མ་ཟད། གཟིགས་བཟོས་ཀྱང་གྱ་ནོམ་པ་རག་ཡོད།

ཁྱད་དུ་འཕགས་པའི་སྨན་བཅོས་ལག་རྩལ་དང་འབད་འབུངས་ལྷོད་མེད་ཀྱི་གསར་འབྱེད་སྙིང་སྟོབས་ལ་བརྟེན་ནས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་བོད་ལུགས་གསོ་རིག་གི་ཁོག་ནད་དང་ཕྱི་ནད་ཚན་ཁག་དང་དེ་བཞིན་ནད་བརྟག་རིག་པ་སོགས་ཐད་ཀྱི་གྲུབ་འབྲས་བསྟན་པ་མ་ཟད། ཧི་མ་ལ་ཡ་བརྒལ་བའི་གསོ་རིག་གི་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ཀྱང་མཛད་ཡོད། ད་ཆ། གནའ་བོའི་བོད་ལུགས་གསོ་རིག་འདི་ཉིད་ཕྱོགས་ཁག་གི་རྒྱབ་སྐྱོར་འོག་ས་མཐོ་ནས་ཕྱོགས་བཅུར་ཁྱབ་སྟེ་གསོན་ཤུགས་གསར་པ་ཟམ་མི་ཆད་པར་རྒྱས་བཞིན་ཡོད། བོད་ལུགས་གསོ་རིག་གི་སྨན་ལུམས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་དངོས་སུ་བཅུག་པ་དང་། 《དཔལ་ལྡན་རྒྱུད་བཞི》འཛམ་གླིང་གི་དྲན་ཤེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མིང་གཞུང་ནང་བཅུག་ནས་ནེ་པ་ལ་དང་། འབྲུག་ཡུལ། རྒྱ་གར། མོང་གོལ་རྒྱལ་ཁབ། ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་ལ་བོད་ལུགས་གསོ་རིག་གི་ཤུགས་རྐྱེན་ཐེབས་བཞིན་ཡོད།

ཕྱོགས་ཟུང་འཁོར་རྒྱུག་ལས“སྨན་གླིང”དང་བོད་ལུགས་གསོ་རིག་གར་སྟེགས་དེ་བས་ཆེ་བར་འཛེགས་པ།

སྨན་བཅོས་བྱེད་པར་སྨན་ནི་དགོས་ངེས་བཞིན། བོད་ལུགས་གསོ་རིག་དང་འབྲེལ་ནས་བོད་སྨན་འདིའང་གངས་ལྗོངས་ས་མཐོར་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཞིང་། དུས་རབས་གོང་མའི་ལོ་རབས་20པར། གཙོ་ཐལ་སྦྱོར་རྟ་གཙོ་བོར་བྱས་པའི་རིན་ཆེན་གྲང་སྦྱོར་རིལ་བུ་དང་། གླ་རྩི་དང་། མུ་ཏིག གུར་ཀུམ་བཅས་སྦྱོར་རྟ་གཙོ་བོར་བྱས་པའི་བསམ་འཕེལ་ནོར་བུ། ཅོང་ཞི་ཟླ་འོད་སྦྱོར་རྟ་གཙོ་བོར་བྱས་པའི་བཙོ་བཀྲུ་ཟླ་ཤེལ་སོགས་བོད་སྨན་སྣ་མང་ནེ་པ་ལར་དར་ཁྱབ་བྱུང་ནས་ཕོ་རྒྱུའི་གཉན་ཚད་དང་དབང་རྩ་སྦྲིད་པ་སོགས་རྒྱུན་མཐོང་དང་ཐོན་མང་བའི་ནད་གཞི་བཅོས་པར་བསྟེན་གྱི་ཡོད།

ནེ་པ་ལའི་ཚོང་པ་སུའུ་ཅི་ཐེ·པཱ་པུའུ·ཧྲི་རུའེ་སི་ཐཱ་ཡིས་གསར་འགོད་པར། “ནེ་པ་ལ་བས་བོད་སྨན་བསྟེན་ན་ཧ་ཅང་འཕྲོད་པོ་འདུག ནམ་དུས་བརྗེ་བའི་མཚམས་སུ་ས་བབ་མཐོ་བའི་ཁོར་ཡུག་ཏུ་རྩོལ་ཤུགས་ཆེན་པོ་འདོན་མཁན་ལ་ཆམ་པ་རྒྱག་སླ་པོ་ཡོད། ད་ལོའི་དཔྱིད་ཀར་ང་ལ་གློ་ཡུན་རིང་པོ་བརྒྱབ་ནས་ཕྱི་ལུགས་སྨན་པ་མང་པོ་བསྟེན་ཡང་དྲག་སྐྱེད་མ་བྱུང་། ལམ་བར་དུ་སྨན་རྫས་ཚོང་ཁང་ནས་ངས་བོད་སྨན་སྤང་རྒྱན་བཅུ་པ་ཉོས་ནས་གཟའ་འཁོར་གཉིས་ཙམ་བཟས་རྗེས་གཞི་ནས་ནད་གཞི་སེང་དྲག་ཕྱིན་སོང་། བོད་སྨན་ལ་ཞོར་སྐྱོན་ཆུང་བ་དང་། སྨན་ནུས་ཐོན་ཡུན་རིང་བ། རྩ་ལག་མཉམ་བཅོས་ཐུབ་པས་ངས་ཉེ་འཁོར་གྱི་ནེ་པ་ལ་བར་བོད་སྨན་འོས་སྦྱོར་བྱེད་ཀྱི་ཡོད། འབྱུང་འགྱུར་བོད་སྨན་དེ་བས་མང་བ་ནེ་པ་ལའི་ཁྲོམ་རར་ཁྱབ་པའི་རེ་བ་ཡོད”ཅེས་བཤད།

ད་ཆ་བོད་སྨན་ལ་མི་དེ་བས་མང་བའི་ཁས་ལེན་ཐོབ་དོན་ནི་བོད་སྨན་གྱི་སྨན་རྒྱུ་འཚོལ་ས“སྨན་གླིང”དང་གངས་ལྗོངས་ས་མཐོ་ཁོ་ན་མིན་པས་ཡིན། མིག་སྔར་ནེ་པ་ལ་ནས་ཀྲུང་གོར་འདྲེན་པའི་ཆོག་འཐུས་སྨན་རྒྱུའི་སྣ་ཁ་29ཟིན་པའི་ནང་ཁ་ཙི་དང་ཤེལ་ཏ་སོགས་སྣ་ཁ་6བོད་ཀྱི་འགག་སྒོ་ནས་བདེ་བླག་ངང་ནང་འདྲེན་ཐུབ་ཀྱི་ཡོད། ད་ལོའི་ཟླ་4པར་ཀྲུང་གོ(ལྷ་ས)—ནེ་པ་ལའི་དཔལ་འབྱོར་ཚོང་དོན་འོས་སྦྱོར་ཚོགས་འདུའི་ཐོག་བོད་ཀྱི་གསོ་བ་རིག་པའི་ཁེ་ལས་དང་ནེ་པ་ལའི་འཕྲོད་བསྟེན་པུའི་དབར་མཉམ་ལས་འདོད་མཐུན་བཞག་ནས། ནེ་པ་ལ་ཕྱོགས་དང་མཉམ་དུ་ཀྲུང་ནེའི་སྨན་རྒྱུའི་མཁོ་སྤྲོད་འཁོར་འབྲེལ་ལས་སྟེགས་བསྐྲུན་ཏེ་ཀོ་ཤ་དང་སྐྱུ་རུ་ར་སོགས་སྨན་རྒྱུ་ཕྱོགས་གཉིས་པོར་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་སྨན་རྒྱུ་ཐོན་ཁུངས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཟླ་སྒྲོལ་མས“ང་ཚོས་ནེ་པ་ལ་ཕྱོགས་དང་མཉམ་དུ་སྨན་རྒྱུའི་ཁུངས་འདེད་མ་ལག་བསྐྲུན་ནས་བོད་སྨན་རིག་གནས་དེ་བས་ལེགས་པའི་ངང་ཀྲུང་གོ་ནས་འཛམ་གླིང་གི་ཕྱོགས་སུ་ཁྱབ་པར་བྱེད་རྩིས་ཡོད”ཅེས་བཤད།

(ཚེ་བརྟན་སྒྲོལ་དཀར་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)

ནད་པས་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དུ་མགོ་བོའི་ལུམས་བཅོས་ཉམས་ལེན་བྱེད་བཞིན་པ།

ནད་པས་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དུ་མགོ་བོའི་ལུམས་བཅོས་ཉམས་ལེན་བྱེད་བཞིན་པ།