“བོད་ལྗོངས་ཡུལ་སྐོར”གྱི་ཚ་རླབས་འཕྱུར་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་23ཉིན། 10:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲུན་ལ། ཕན་དབྱི་ཅིན།
དྲོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ས་བབ་མཐོ་ཚད་སྨི་4718ཟིན་པའི་གནམ་མཚོས་ཐག་རིང་གི་ཡུལ་སྐོར་བ་བསུ་འགོ་བརྩམས། མཚོ་མོའི་དར་ཁ་ཞིག་ནས་སྔོ་ཐིང་ངེར་གནས་ལ། རྒྱང་རིང་གི་གཉན་ཆེན་ཐང་ལྷ་དེ་བས་བརྗིད་ཉམས་ལྡན། ཡུལ་སྐོར་བ་མང་པོ་ཞིག་མ་གྲོས་གཅིག་མཐུན་དུ་གནས་བཟང་དེར་འཛོམས་ནས་རབ་མཛེས་ཡིད་དགའི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་བཞིན་མཆིས།
“ལོ་ལྟར་གྱི་ཟླ་5པར། གནམ་མཚོའི་འཁྱག་པ་བཞུར་བར་དར་ཁ་ཞིག་པ་ཞེས་བརྗོད་ཀྱི་ཡོད” འདམ་གཞུང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཡུང་གིས་ཚེས་19ཉིན་འཚོགས་པའི་གནམ་མཚོ་དར་ཁ་ཞིག་པའི་བྱེད་སྒོ་ནི་བོད་ཀྱི“གངས་ལྗོངས་གནའ་གྲོང·གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་ཆ་ཤས་ཤིག་རེད་ཅེས་ངོ་སྤྲོད་བྱས།
ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། “བོད་ལྗོངས་ཡུལ་སྐོར”གྱི་ཚ་རླབས་རིམ་བཞིན་འཕྱུར། ད་ལོའི“ལྔ་གཅིག”གུང་གསེང་རིང་། བོད་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་རྣམ་པ་འཁྲུག་ཏུ་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་156.72ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་16.24%འཕར་བ་དང་། ཡུལ་སྐོར་གྱི་འཛད་སྤྱོད་བསྡོམས་འབོར་སྒོར་དུང་ཕྱུར་11.23ཟིན་ནས་དུས་མཚུངས་ལས་15.18%འཕར་ཡོད།
འཁྲུག་ཆ་དོད་པའི་རིག་གནས་ཡུལ་སྐོར་བྱེད་སྒོའི་ཁྲོད་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལ་བཀྲག་མདངས་འཚེར་ནས་ཡུལ་སྐོར་བས་གནའ་བོའི་རིག་གནས་ཀྱི་ཁྱད་དུ་འཕགས་པའི་ཉམས་འགྱུར་ཚོར་གྱི་ཡོད།
“འབྲི་གཡག་ནི་མཚོ་བོད་ས་མཐོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། བོད་མི་དམངས་ཀྱིས་འབྲི་གཡག་ལ་དམིགས་བསལ་གྱི་བརྩེ་སེམས་བཅངས་ཡོད” ཚེས་18ཉིན་གྱི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོར། བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ཀོན་ཀྲང་ཝུའུ་ཡུས་ཁྲུའུ་ཡིས་ཡུལ་སྐོར་བར་ས་མཐོའི་སྐྱེ་ཁམས་དང་དམངས་སྲོལ་འཚོ་བའི་ཁྲོད་འབྲི་གཡག་གི་གལ་ཆེའི་རང་བཞིན་ངོ་སྤྲོད་བྱས། ཁོང་གིས“འགྲེམས་ཁུལ་བཙུགས་ནས་ང་ཚོས་རྩིད་པའི་ཐོན་རྫས་སྣ་ཚོགས་དང་ཀོ་གྲུ་བཟོ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་སྒྲོམ་སྟེགས་ནས་བཏོན་ཏེ་ཕན་ཚུན་ཉམས་ལེན་བྱས་པ་ཡིན”ཞེས་བཤད།
བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲའོ་ཤིང་པང་གིས་དངོས་རྫས་འགྲེམས་ཁུལ་དུ་དབྱིངས་ཞུགས་རྣམ་པའི་ཉམས་ལེན་དང་སྤྲིན་རྩིས་སྟེགས་བུའི་གྲངས་འཛིན་འགྲེམས་སྟོན་གྱི་བྱེད་ཐབས་སྤྱད་པར་བརྟེན། ལྗོངས་ཡོངས་ཀྱི་རྟེན་མཛོད་ཁང་གི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ནུས་པ་གལ་ཆེན་བཏོན་ཡོད་ཅེས་ངོ་སྤྲོད་བྱས།
མེ་འཁོར་དང་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་མང་དུ་བཏང་ནས་ཡུལ་སྐོར་བ་བོད་དུ་ཡུལ་སྐོར་བྱེད་པར་སྟབས་བདེ་བསྐྲུན་ཡོད།
“ད་ལོ་ནས་བཟུང་། ང་ཚོས་བོད་དུ་སྐྱོད་མཁན་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་14བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་ཐེངས་2མང་དུ་ཕྱིན་ཡོད། ‘ལྔ་གཅིག’གུང་གསེང་རིང་། མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སིས་བསྡོམས་འགྲུལ་པ་མི་ཐེངས་ཁྲི་56.96སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་7.89%འཕར་ཡོད”ཅེས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་འགྲུལ་ཟོག་སྐྱེལ་འདྲེན་དོ་དམ་པུའི་ཀྲུའུ་རེན་གཞོན་པ་ལི་ཅ་ཡིས་བཤད།
ཚེས་19ཉིན་གྱི་སྔ་དྲོར། དུས་གཏན་གནམ་གྲུ་TV9971གཞིས་རྩེའི་ཞི་བདེ་གནམ་ཐང་དུ་བདེ་བླག་ངང་བབས་པ་དང་བསྟུན་ནས། གཞིས་རྩེ་གྲོང་ཁྱེར་གྱིས་རི་པིན་དང་ཨ་ཀེན་ཐིན་ནས་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་67བསུས་པ་དེ་ནི་ད་ལོ་ཚུན་བོད་དུ་ཡོང་མཁན་མང་ཤོས་ཀྱི་ཡུལ་སྐོར་ཚོགས་པ་ཞིག་རེད།
ཅང་སུའུ་ནས་ཡོང་བའི་ཞིབ་སློབ་ཚོགས་པས་བར་སྐོར་ཁྲོམ་གཞུང་གི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁང་དུ་ཐང་ག་བཞེངས་སྟངས་ལ་ལྟ་བ་དང་། ཧྥ་རན་སེའི་ཡུལ་སྐོར་བ་ཅེ་ཧྥུ་རུའེ་ཡིས་གནམ་ལྕགས་འབར་བའི་ཞོགས་པའི་ཉི་གཞོན་གྱི་མཛེས་ལྗོངས་པར་རྒྱག་པ། སྨྱན་སྦྱོར་སྒེར་པ་དཀོན་མཆོག་རྡོ་རྗེས་གོ་ལ་ཧྲིལ་པོའི་ལྟད་མོ་བར་གནམ་མཚོར་ཅི་དགར་རོལ་བའི་གཡག་དཀར་པོ་ཐད་གཏོང་བྱས་པ་སོགས་གསོན་ཉམས་དོད་པའི་རྣམ་པ་དེ་དག་ལས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས“སྒོ་འཛིན་དཔལ་འབྱོར”ནས“མཉམ་འདྲེས་ཉམས་ལེན”དུ་ཕྱོགས་སྒྱུར་བྱུང་བར་དཔང་པོ་བྱས་ཡོད།
བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཅང་ཧྭ་ཡིས། བོད་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཏེ་དེ་བས་ཕུན་སུམ་ཚོགས་པའི་ལས་རྣམ་དང་དེ་བས་སྒོ་དབྱེར་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཚོས་གངས་ལྗོངས་ས་མཐོའི་ཡིད་དགའ་བའི་རྣམ་པ་མྱོང་རོལ་ཐུབ་པ་བྱེད་ཀྱི་ཡོད་ཅེས་བཤད།