དངུལ་བུན་ཁྲོམ་རའི་སྐྱེད་ཀ་གཞི་གནས་བཅུ་ཆག་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་23ཉིན། 10:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
● ལོ་ལྔའི་དུས་ཐེངས་ཡན་གྱི་LPRཆག་པ་དེས་ཁང་པའི་དངུལ་བུན་གྱི་དངུལ་གཡར་མཁན་གྱི་སྐྱེད་ཀའི་ཁུར་པོ་ཡང་དུ་སོང་ནས་འཛད་སྤྱོད་ཡར་སྐུལ་ལ་ཕན་པ་ཐོབ་ཡོད། ཁང་པའི་དངུལ་བུན་གྱི་སྐྱེད་ཚད་དཔེར་བཞག་ན། ཚོང་ལས་དངུལ་བུན་སྒོར་ཁྲི་100དང་ལོ་30ཡི་འཁྲོལ་མེད་ཀྱི་མ་སྐྱེད་དངུལ་བུན་འཇལ་ཐབས་ཐོག་ནས་ཚོད་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། ལོ་ལྔའི་དུས་ཐེངས་ཡན་གྱི་LPRཡི་གཞི་གནས་10ཆག་པས་དངུལ་བུན་གཡར་མཁན་ལ་ཟླ་རེའི་སྐྱེད་ཚད་གཏོང་སྤྲོད་སྒོར་50ལྷག་ཙམ་ཉུང་དུ་གཏོང་ཐུབ་པ་དང་སྐྱེད་ཚད་བསྡོམས་འབོར་སྒོར་ཁྲི་2ཙམ་གྲོན་ཆུང་ཐུབ་རྒྱུ་རེད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་རྒྱལ་ཡོངས་དངུལ་ཁང་དབར་གྱི་ལས་རིགས་གཅིག་པའི་ནང་བསྐྱིས་ལྟེ་གནས་ལ་དབང་བསྐུར་ནས་དུས་ཐེངས་གསར་པའི་དངུལ་བུན་ཁྲོམ་རའི་རིན་ཕབ་སྐྱེད་ཚད(LPR)ཡོངས་བསྒྲགས་བྱས་པ་དང་། ལོ་གཅིག་གི་དུས་ཐེངས་དང་ལོ་ལྔའི་དུས་ཐེངས་ཡན་གྱི་LPRཡི་གཞི་གནས་བཅུ་མཉམ་དུ་ཆག་པ་དང་ཆག་ཚད་3.0%དང་3.5%སོ་སོར་ཟིན་ཡོད། ཉིན་དེར་དངུལ་ཁང་གཙོ་བོར་དངུལ་བཅོལ་གྱི་མིང་སྦྱར་སྐྱེད་ཚད་ལེགས་སུ་བཏང་བ་དང་། དུས་ངེས་མེད་ཀྱི་བཅོལ་དངུལ་སྐྱེད་ཚད་བརྒྱ་ཆའི་གྲངས་0.05ཆག་པ། དུས་བཅད་བཅོལ་དངུལ་སྐྱེད་ཚད་བརྒྱ་ཆའི་གྲངས་0.15ནས་0.25བར་ཆག་ཡོད་པ་རེད།
དངུལ་བུན་སྐྱེད་ཚད་རིན་གོང་གི་ཟུར་དཔྱད་ཚད་གཞི་གཙོ་བོ་ཡིན་པའི་ངོས་ནས་LPRཆག་པ་དེས་བརྟན་པོའི་ངང་འཕར་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བརྡ་རྟགས་བརྒྱུད་སྤྲོད་བྱེད་པ་དང་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་རྩ་མཉམ་འདྲེས་ཀྱི་མ་གནས་ཆག་པར་རྒྱུན་མཐུད་སྐུལ་འདེད་བཏང་བས། ཁྲོམ་རའི་སྔོན་དཔག་བརྟན་པོ་ཡོང་རྒྱུར་ཕན་པ་དང་། ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ཆེ་རུ་སོང་བ་དང་ཁེ་ལས་ཀྱི་མ་འཇོག་ལ་སྐུལ་འདེད་བཏང་བས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད། “LPRཆག་པ་དེས་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་སྔར་བས་ཆེ་རུ་སོང་ནས་ཁེ་ལས་ཀྱི་མ་འཇོག་དང་གྲོང་མིའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་རྒྱུ་རེད”ཅེས་ཧྲང་ཧའེ་དངུལ་རྩ་དང་འཕེལ་རྒྱས་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཞི་མེའོ་ཡིས་བརྗོད།
ལོ་ལྔའི་དུས་ཐེངས་ཡན་གྱི་LPRཆག་པ་དེས་ཁང་པའི་དངུལ་བུན་གྱི་དངུལ་གཡར་མཁན་གྱི་སྐྱེད་ཀའི་ཁུར་པོ་ཡང་དུ་སོང་ནས་འཛད་སྤྱོད་ཡར་སྐུལ་ལ་ཕན་པ་ཐོབ་ཡོད། ཁང་པའི་དངུལ་བུན་གྱི་སྐྱེད་ཚད་དཔེར་བཞག་ན། ཚོང་ལས་དངུལ་བུན་སྒོར་ཁྲི་100དང་ལོ་30ཡི་འཁྲོལ་མེད་ཀྱི་མ་སྐྱེད་དངུལ་བུན་འཇལ་ཐབས་ཐོག་ནས་ཚོད་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། ལོ་ལྔའི་དུས་ཐེངས་ཡན་གྱི་LPRཡི་གཞི་གནས་10ཆག་པས་དངུལ་བུན་གཡར་མཁན་ལ་ཟླ་རེའི་སྐྱེད་ཚད་གཏོང་སྤྲོད་སྒོར་50ལྷག་ཙམ་ཉུང་དུ་གཏོང་ཐུབ་པ་དང་སྐྱེད་ཚད་བསྡོམས་འབོར་སྒོར་ཁྲི་2ཙམ་གྲོན་ཆུང་ཐུབ་རྒྱུ་རེད།
“ད་ཐེངས་ཀྱི་བཅོལ་དངུལ་སྐྱེད་ཚད་ཆག་པ་ནི་གཙོ་བོ་དངུལ་ཁང་གིས་ཁྲོམ་རའི་སྐྱེད་ཚད་འཕེལ་ཕྱོགས་དང་བཅོལ་དངུལ་ཀྱི་མཁོ་སྤྲོད་འབྲེལ་བ་སོགས་རྒྱུ་རྐྱེན་ལ་གཞིགས་ནས་ཕྱོགས་བསྡུས་བསམ་གཞིག་བྱས་པ་ཞིག་རེད། དེས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་རྒྱུན་མཐུད་ཆོག་པའི་རང་བཞིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན”ཞེས་ཀྲུང་གོ་དམངས་འཚོ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཝུན་པིན་གྱིས་བརྗོད་པ་དང་སྦྲགས། བུན་ཟུག་གི་མ་གནས་ཆག་པ་ནི་དངུལ་ཁང་གིས་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་གཏོང་བའི་རྨང་གཞི་ཡིན་པ་དང་། བཅོལ་དངུལ་གྱི་སྐྱེད་ཚད་འོས་འཚམ་ངང་དམའ་རུ་བཏང་བ་དེས་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་རྩ་མཉམ་འདྲེས་ཀྱི་མ་གནས་དམའ་རུ་ཕྱིན་ནས་རང་རྒྱལ་གྱི་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བར་རྒྱབ་སྐྱོར་བྱ་རྒྱུར་བར་མཐོངས་དེ་བས་ཆེ་བ་གཏོད་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད།