“རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”པིན་ཧྲོའུ་ཕེང་།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་19ཉིན། 14:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཟླ་4ཚེས་28ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་1670དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་756ཚུད་པའི་མི་2426ལ་གཟེངས་བསྟོད་བྱས་པ་རེད། དེ་ནི་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་བདམས་ནས་གཟེངས་བསྟོད་བྱེད་ཐེངས་17པ་དེ་རེད།
པིན་ཧྲོའུ་ཕེང་། སྐྱེས་པ། 2011ལོའི་ཟླ་12པར་དམག་དཔུང་ལ་ཞུགས། ཀྲུང་གུང་ཏང་ཡོན། ལས་ཀར་ཞུགས་ཚུན། པིན་ཧྲོའུ་ཕེང་གིས་ཐོག་མཐའ་བར་གསུམ་དུ“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་སེམས་ལ་བརྟན་པོར་བཅངས་ཏེ། མཛེས་སྡུག་ལྡན་པའི་ལང་ཚོ་བོད་ལྗོངས་གཞིས་རྩེའི་མེ་ཟོན་རོགས་སྐྱོབ་བྱ་གཞག་ལ་ཕུལ་ཞིང་། སྔ་རྗེས་སུ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་1དང་། བྱས་རྗེས་རིམ་པ་གསུམ་པ་ཐེངས་3 གཟེངས་བསྟོད་ཐེངས་3ཐོབ་པ་དང་། 2020ལོར་བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས“མེ་ཟོན་པ་ཡག་ཤོས་བཅུ”ཡི་གྲས་སུ་བདམས་པ་དང་། 2021ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་བདམས་པ། 2022ལོའི་ཟླ་12པར་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས“རྒྱལ་ཡོངས་ཀྱི་སྦྱོང་བརྡར་དཔེ་དམག”ལ་བདམས་པ། 2024ལོའི་ཟླ་5པར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་གིས“ལྗོངས་ཡོངས་ཀྱི་སྐབས་དྲུག་པའི་སྔོན་ཐོན་ལས་དོན་པར”བདམས་པ། 2025ལོའི་ཟླ་4པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར”བདམས་པ་རེད།
གནོད་འཚེ་ནི་བཀའ་རྒྱ་དང་མང་ཚོགས་ཀྱི་རེ་སྒུག་ནི་ཁོང་གིས་ནུས་ཤུགས་ཡོད་རྒུ་འདོན་པའི་སྒུལ་ཤུགས་ཟད་མེད་དེ་ཡིན།
2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་རེད། ལྷ་སར་གསོ་སྦྱོང་དུ་སླེབས་པའི་པིན་ཧྲོའུ་ཕེང་གིས་འཕྲལ་དུ་རུ་ཁག་དང་མཉམ་དུ་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲམ་མཚོ་ཤང་དུ་རྡོག་ཐོན་བྱས་པ་སྦྲགས། ཛ་དྲག་གི་རོགས་སྐྱོབ་ནང་ཞུགས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཞིག་རོའི་ཁྲོད་ནས་མི་སྣ་འཚོལ་སྐྱོབ་བྱས། ཡོ་བྱད་དང་སྒྲིག་ཆས་ཆེ་གྲས་མེད་པ་དང་། སྤུས་ལེགས་ཀྱི་འཕྲིན་གཏོང་སྒྲིག་ཆས་མེད་པ། དངོས་ཟོག་འགན་ལེན་འདང་ངེས་མེད་པ་བཅས་ཀྱི་གནས་ཚུལ་འོག ཁོང་དང་རུ་མི་ཚོས་ཁྲག་དྲོན་ལ་བརྟེན་ནས་ཆུ་ཚོད་བདུན་ལྷག་ཙམ་རྒྱུན་མཐུད་དེ་ལས་ཀ་བྱས་པ་རེད། གཡུ་སྦེ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་མེ་ཟོན་མི་སྣ་མེད་པ་ཤེས་རྗེས། ཁོང་གིས་རང་འགུལ་ངང་རུ་མི་གསུམ་ཁྲིད་ནས་གཡུ་སྦེ་གྲོང་ཚོར་བཅའ་སྡོད་བྱས།
དུས་ཚོད་ནི་ཚེ་སྲོག་དང་མི་དམངས་ཀྱི་བདེ་འཇགས་ནི་ཁོང་གིས་སྲོག་ཉེན་ལ་མི་འཛེམ་པར་འབད་འཐབ་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དེ་ཡིན།
2020ལོའི་ཟླ་5ཚེས་22ཉིན། བོད་ལྗོངས་གྲོ་མོ་རྫོང་གྲོ་མོ་སྨད་ཤང་དུ་ལམ་བུ་བརྡིབས་ནས་ཨར་སྐྲུན་པ་10ཉེན་ཁའི་གནས་སུ་གྱར་ཏེ་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད་པ་རེད། ལས་སྒོའི་རྐང་འཛིན་པ་ཁོང་གིས་རང་འགུལ་ངང་འཕྲལ་སྒྲུབ་རོཌ་སྐྱོབ་རུ་ཁག་ནང་ཞུགས་རྒྱུའི་རེ་འདུན་ཞུས། འཕྲལ་སྒྲུབ་རོགས་སྐྱོབ་རུ་ཁག་ཆུ་བརྒལ་ནས་ཉེན་གྱར་བ་དང་བར་ཐག་སྨི་200ཡོད་སར་སླེབས་སྐབས། བརྟན་ཕུར་བཙུགས་ཏེ་དངོས་ཟོག་སྐྱེལ་འདྲེན་གྱི་བྱ་ཐབས་ལ་བརྟེན་ནས་ཉེན་གྱར་བར་འཚོ་བའི་དངོས་ཟོག་སྒམ་5བདེ་བླག་ངང་བསྐྱལ་ནས་རོགས་སྐྱོབ་བྱེད་པར་རྩ་ཆེན་གྱི་དུས་ཚོད་བརྩོན་ལེན་བྱས་ཡོད། ཟླ་5ཚེས་25ཉིན་གྱི་ཕྱི་དྲོར། གནམ་གཤིས་ཅུང་ལེགས་སུ་ཕྱིན་པ་དང་ཆུ་ཁ་ཅུང་བྲི། རོགས་སྐྱོབ་བྱ་སྤྱོད་ནར་འགྱངས་ཡུད་ཙམ་ཡང་གཏོང་མི་རུང་། ཁོང་གིས་རང་འགུལ་ངང་རོགས་སྐྱོབ་ལ་ཞུགས་རྒྱུའི་རེ་འདུན་ཞུས་ནས་རུ་མི་4དང་མཉམ་དུ་འདེགས་འཁོར་དང་འཕྱང་འཕྲུལ་སྤྱད་དེ་ཆུ་བོའི་ཕ་རོལ་དུ་འཕྲེད་བརྒལ་བཏང་ནས་རོགས་སྐྱོབ་བྱས་པ་རེད། ཆུ་ཚོད་གསུམ་རིང་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། མཐར་ཉེན་གྱར་བ་བདེ་བླག་ངང་བསྐྱབས་ཐུབ་པ་བྱུང་ཞིང་། ལམ་བུ་རྡིབ་ཉེན་ཡོད་པ་དང་། རི་ཉིལ་སྲིད་པ། གནམ་གཤིས་ལ་འགྱུར་ལྡོག་འགྲོ་སྲིད་པ་བཅས་ཀྱི་གནས་ཚུལ་མདུན་དུ། མེ་ཟོན་རུ་མི་ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་བཞག་ནས། བཀའ་རྒྱ་དང་ལེན་དང་བཀོད་འདོམས་ལ་ཉན་ནས་ཕྱིར་བཤོལ་སྤུ་ཙམ་ཡང་རྒྱག་མྱོང་མེད།
ཐེག་པ་ཁུར་ལེན་ནི་འགན་འཁྲི་དང་རང་དོན་རྒྱབ་སྐྱུར་གྱི་ཐོག་མའི་བསམ་འདུན་ནི་ཁོང་གིས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་རྨང་རྡོ་བརྟན་པོ་དེ་ཡིན།
2021ལོའི་ཟླ་6ཚེས་17ཉིན། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་གནས་པའི་བོད་ལྗོངས་དིང་རི་རྫོང་གི་ཞིང་ཆེན་ལམ་209ཡི་ས་ཆ་ཞིག་ཏུ་གློ་བུར་དུ་ཆུ་རུད་ཐོན་ནས་བོངས་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་9000ཙམ་ཟིན་པའི་འགག་མཚོ་ཆགས་ཏེ། ཕྱི་ཕྱོགས་ནས་ཡོང་བའི་ལས་མི་དང་ས་གནས་དེ་གའི་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཁེར་ཆགས་གླིང་ཕྲན་དུ་ལུས། ཧ་ཅང་ཛ་དྲག་ཆེ་བའི་སྐབས་སུ་པིན་ཧྲོའུ་ཕེང་གིས་རོགས་སྐྱོབ་སྟོབས་ཤུགས་ཁག་དང་པོ་དང་མཉམ་དུ་སྨད་རྒྱུད་ཀྱི་ཨར་སྐྲུན་ལས་ཡུལ་དུ་ཐོན། ཁོང་དང་བཀོད་འཐབ་པ་7གྱིས་ས་གནས་དེ་གའི་སྣེ་ཤན་པའི་འགྲོ་རོགས་འོག རི་ཁུལ་གྱི་རོགས་སྐྱོབ་སྒྲིག་ཆས་ཆ་ཚང་60ལྷག་ཙམ་ཁྱེར་ནས་སོ་མེད་སོག་ལེས་འགྲོ་ལམ་བཤངས་པ་དང་། སྔ་རྗེས་སུ་གདོད་མའི་ནགས་ཚལ་ཐེངས་གསུམ་བརྒྱུད་ནས་ཆུ་ཚོད་50ཙམ་འབད་བརྩོན་བསྟུད་མར་བྱས་ཏེ་མང་ཚོགས་བསྐྱབས་པ་དང་གནས་སྤོ་ལེགས་པར་བྱས་པ་མ་ཟད། དངོས་ཟོག་སྣ་ཚོགས་ཏུན་5ཙམ་དབོར་འདྲེན་བྱས་ནས་ད་ཐེངས་ཀྱི་རོགས་སྐྱོབ་ལས་འགན་ལེགས་སྒྲུབ་བྱས་པ་རེད།
དུས་རྒྱུན་གྱི་སྦྱོང་བརྡར་སྐབས་སུ། པིན་ཧྲོའུ་ཕེང་གིས་རུ་མི་ཚོའི་གནས་ཚུལ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་དང་བསྟུན་ནས་སྦྱོང་བརྡར་གྱི་ཚད་གཞི་བཟོ་གི་ཡོད། རུ་མི་ཚོའི་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཁོང་གིས་དམར་ཁྲིད་བྱེད་པ་དང་དཔེ་ཡང་ཡང་བཏོན་ཏེ་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་རྩལ་ནུས་རྣམས་རུ་མི་ཚོར་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཀྱི་ཡོད།
ཁས་ལེན་ནི་གཟེངས་བསྟོད་དང་མང་ཚོགས་བློ་མགུ་བ་ནི་ཁོང་གིས་ལྷག་བསམ་རྣམ་དག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཟི་བརྗིད་ཆེ་ཤོས་དེ་ཡིན།
ལོ་བཅུ་ལྷག་ཙམ་རིང་། པིན་ཧྲོའུ་ཕེང་གིས་སྔ་རྗེས་སུ་མེ་ཟོན་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་འཛིང་སྣ་ཚོགས་ཐེངས་1000ལྷག་ཙམ་ནང་ཞུགས་ཡོད། ཁོང་གིས་བསྒྲུབས་པ་ཐམས་ཅད་ནི་མང་ཚོགས་ལ་ཛ་དྲག་དང་ཉེན་ཁ་ཆེ་ཤོས་སྐབས་སུ་རོགས་རམ་ཐུབ་པའི་ཆེད་དུ་ཁོ་ན་རེད། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་མི་དམངས་མང་ཚོགས་ལ་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་དར་ཆ་མཐོང་དུ་བཅུག་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་སྔར་བས་འགན་སྲུང་བྱས་ཏེ་དུས་རབས་གསར་པའི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི“ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་དམ་ནན། སྲོག་ཉེན་ལ་མི་འཛེམ་པ། ལྷག་བསམ་རྣམ་དག་གིས་དམངས་ཆེད་བྱ་བ་སྒྲུབ་པ”བཅས་ཀྱི་འགྱུར་མེད་དམ་བཅའ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།
ཁོང་གིས་རྟག་ཏུ“ཏང་ལ་ལྷག་བསམ་རྣམ་དག་དང་ལྷག་བསམ་རྣམ་དག་གིས་དམངས་ཆེད་བྱ་བ་སྒྲུབ་པ་ནི་ཁ་བཤད་ལྦུ་བ་ཙམ་མ་ཡིན་པར། རྩ་འཛུགས་ཀྱི་བཀའ་ལྟར་སྒྲུབ་པ་དང་། ཆ་རྐྱེན་ལ་མི་བལྟོས་པ། འཐེན་སྐུམ་མི་བྱེད་པ་བཅས་ཀྱི་སྒོ་ནས་རང་འགན་རེ་རེ་བཞིན་ལེགས་པར་སྒྲུབ་པ་དང་། མེ་སྐྱོན་ཚང་མ་འཕྱུགས་མེད་དུ་གསོད་པ། ཉེན་ཁ་རེ་རེ་བཞིན་སེལ་བ་བཅས་ནི་ལྷག་བསམ་རྣམ་དག་རེད”ཅེས་ཤོད་ཀྱི་ཡོད།
(ཉི་དོན་དང་ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)