—— མི་དམངས་ཉིན་རེའི་ཚགས་པར་གྱི་ན་གཞོན་རྩོམ་སྒྲིག་པ་དང་གསར་འགོད་པ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མའི་དབར་གྱི་སྤེལ་རེས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་19ཉིན། 14:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཁྲའོ།
“སྨྱན་སྦྱོར་གསར་པ་དང་ལག་རྩལ་གསར་པ་ཟམ་མི་ཆད་པར་ཐོན་པའི་དུས་འདིར་གཙོ་རྒྱུན་སྨྱན་སྦྱོར་གྱིས་གཞུང་འཁྱོངས་གསར་འབྱེད་ཇི་ལྟར་བྱས་ནས་རྒྱ་ཆེའི་ན་གཞོན་ཀློག་པ་པོ་དེ་བས་མང་བའི་ཡིད་དབང་འགུག་དགོས་སམ”
ཉེ་ཆར། “མི་དམངས་ཉིན་རེའི་ཚགས་པར་སློབ་གྲྭར་ཁྱབ་གདལ”གྱི་བྱེད་སྒོ་ཀྲུང་དབྱང་མི་རིགས་སློབ་ཆེན་ཧྥུང་ཐེ་སློབ་ཁུལ་དུ་སྤེལ་ནས། ན་གཞོན་རྩོམ་སྒྲིག་པ་དང་གསར་འགོད་པ་དང་གསར་འགྱུར་ཁྱབ་སྤེལ་སོགས་ཆེད་ལས་ཀྱི་སློབ་མའི་དབར་སྤེལ་རེས་བྱས་པ་རེད།
ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་མི་དང་། བྱ་བ། འཕེལ་ཕྱོགས་བཅས་ཀྱི་བརྗོད་བྱ་གང་ནས་འཚོལ་དགོས་སམ། ཤོག་སྨྱན་བཅར་འདྲི་དང་རྩོམ་སྒྲིག་གིས་ཇི་ལྟར་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་འཕེལ་ཕྱོགས་དང་བསྟུན་དགོས་སམ། དཔྱད་གཏམ་རྩོམ་ཡིག་ཇི་ལྟར་བྲིས་ཚེ་གཞི་ནས་ཀློག་རིན་ཡོད་པ་དང་གཏིང་ཟབ་མོ་ཡོང་སྲིད། མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་ཁང་དང་། དཔྱད་གཏམ་པུའུ། སྨྱན་སྦྱོར་གསར་པའི་ལྟེ་གནས། འཛམ་གླིང་མི་སྣའི་དུས་དེབ་ཁང་བཅས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་བཞི་ཡིས་རང་རང་སོ་སོའི་བཅར་འདྲི་རྩོམ་སྒྲིག་གི་ལས་སྒོ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚགས་པར་གྱི་ལས་ཀ་བྱེད་པའི་ཉམས་མྱོང་དང་མྱོར་ཚོར་གླེང་བ་རེད།
ཁོང་ཚོའི་ཁྲོད་ལ་ལ་ནི་རྒྱས་འཕྲིན་གསར་འགྱུར་གྱི་བརྗོད་དོན་ཇུས་འགོད་ལ་མཁས་པའི་རྩོམ་སྒྲིག་པ་དང་། ལ་ལ་ནི་མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་གལ་ཆེན་སོགས་ཆབ་སྲིད་ཀྱི་དཔྱད་གཏམ་ཐེངས་མང་བྲིས་མྱོང་བའི་དཔྱད་གཏམ་མཁན། ཡང་ལ་ལ་ནི་ལྟ་མཁན་ཧ་ཅང་མང་བའི་བརྙན་ཐུང་སྒྲིག་བཟོ་དང་གསར་འགྱུར་རྩོམ་ཡིག་འབྲི་མཁན་གསར་འགོད་པ་བཅས་ཡིན་སྟབས་མཉམ་སྤྱོད་བྱེད་པའི་གཏམ་རྒྱུད་མི་འདྲ་ཡང་ཏང་གི་ཚགས་པར་གྱི་གསར་འགྱུར་ལས་དོན་པས་ཏང་གི་སྲིད་ཇུས་ཀྱི་འདོད་ཚུལ་ཁྱབ་སྤེལ་བྱས་ནས། མི་དམངས་དང་མཉམ་སྐྱོད་དང་དུས་རབས་དང་མཉམ་བགྲོད་ཀྱི་འགན་འཁྲི་འཁུར་སེམས་གཅིག་མཚུངས་མངོན་ཡོད།
གསར་འགྱུར་ནི་གསར་དར་བྱ་གཞག་ཅིག་ཡིན་པ་དང་སྨྱན་སྦྱོར་གསར་པའི་དུས་རབས་ཀྱི་གསར་འགྱུར་ནི་དེ་བས་གསར་དུ་དར་བའི་བྱ་གཞག་ཅིག་རེད། “དགུ་བཅུ་ནང་སྐྱེས”ཀྱི་གསར་འགྱུར་བ་དང“ཉིས་སྟོང་ནང་སྐྱེས”ཀྱི་གསར་འགྱུར་སློབ་མའི་དབར་ལས་སྒོའི་ཐད་སྤེལ་རེས་ཡག་པོ་ཐུབ་པ་མ་ཟད་ཐུན་མོང་གི་ལང་ཚོའི་ཕུགས་འདུན་ཡང་ལྡན་ཡོད།
“རྩོམ་སྒྲིག་པ་དང་གསར་འགོད་པ་འགའ་ཤས་རང་ཉིད་ལས་ལོ་རེ་གཉིས་ཀྱིས་རྒན་པ་ཡོད་མོད། ཁོང་ཚོས་ཁྱིམ་ཞེན་རྒྱལ་གཅེས་དང་མི་དམངས་དང་སེམས་པ་གཅིག་ཏུ་སྦྲེལ་ནས་མཚན་མོ་ལས་གནས་བརྟན་སྲུང་གིས་གསར་འགྱུར་གྱི་ཡུལ་དངོས་སུ་བསྐྱོད་པ་དེ་དག་ནི་དད་གུས་སྐྱེ་འོས་པ་ཞིག་འདུག”ཅེས་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་གི་སློབ་མ་ཕུའུ་ལིན་ཆིང་གིས་བཤད་པ་དང་། ཁོང་གིས་རང་ཉིད་ཀྱིས་གསར་འགྱུར་ལ་བཅངས་པའི་སྤྲོ་སེམས་དང་ཕུགས་བསམ་དེ་ཤེས་བྱ་ཡག་པོ་སྦྱོང་བ་དང་འཇོན་ཐང་ལ་ཞུན་བརྡར་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་གསུང་སྒྲ་ཁྱབ་སྤེལ་ཡག་པོ་བྱ་ཆེད་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཁྲ་ཞན་ཡིའུ་ཡིས་མི་དམངས་ཉིན་རེའི་ཚགས་པར་གྱི་ལས་དོན་པ་སློབ་གྲྭར་ཡོང་ནས་ཏང་གི་ཚགས་པར་གྱི་ལས་དོན་པ་དང་མ་འོངས་པའི་གསར་འགྱུར་ལས་དོན་པའི་དབར་སྤེལ་རེས་བྱས་པ་དེ་ནི་སློབ་ཆེན་སློབ་མའི་ངོས་ནས་བཤད་ན་ལས་རིགས་འཚོ་བའི་སློབ་ཚན་ཞིག་རེད་ལ“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེ་མོ”ཞིག་དེ་བས་རེད། “ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དང་གོང་ནས་ཏང་དང་སེམས་པ་གཅིག་སྦྲེལ་དང་གཤམ་དུ་མི་དམངས་དང་གཅིག་སེམས་གཅིག་སྦྲེལ་བྱེད་པའི་མི་དམངས་ཉིན་རེའི་ཚགས་པར་གྱི་དྲིལ་བསྒྲགས་ལེགས་ཆ་བཏོན་ཏེ། གསར་འགྱུར་ཁྱབ་སྤེལ་ཆེད་ལས་ཚུད་པའི་སློབ་གྲྭ་ཡོངས་ཀྱི་སློབ་མར་མི་སྒེར་གྱི་ཕུགས་བསམ་དོན་གཉེར་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མཉམ་འདྲེས་བྱེད་པར་ཁྲིད་སྟོན་བྱེད་དགོས”ཞེས་བརྗོད།
ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་སྤེལ་རེས་བྱས་པ་ལས་སློབ་གྲོགས་ཚོ་སྤྲོ་སྣང་ཆེན་པོ་འཕེལ་ཞིང་། བྱེད་སྒོ་མཇུག་འགྲིལ་རྗེས་ཚང་མ་མདུན་དུ་བསྐྱོད་དེ་ཚགས་པར་ལས་ཁུངས་ཀྱི་ན་གཞོན་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོ་དང་འབྲེལ་གཏུག་བྱེད་སྟངས་སྤྲོད་རེས་བྱས་པ་རེད།