ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་17ཉིན། 18:56】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
《བསམ་འཆར》ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་གསར་སྤེལ་དང་འཛུགས་སྐྲུན་བྱེད་སྟངས་སྒྱུར་བ། རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་གསར་སྒྱུར་བྱེད་སྟངས་དང་སྲིད་ཇུས་དང་ཁྲིམས་སྲོལ་འཛུགས་པ། གྲོང་ཁྱེར་གསར་སྒྱུར་ལག་བསྟར་ཤུགས་ཆེན་བཅས་བྱས་ཏེ་གྲོང་ཁྱེར་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་དཔལ་གྱི་འཕེལ་རྒྱུན་རྒྱུན་མཐུད། སྤུས་ཚད་མཐོར་གཏོང་བཅས་ལ་སྐུལ་འདེད་བཏང་ནས། གནས་འཕྲོད་དང་། མཉེན་ལྡན། རིག་ལྡན་བཅས་ཀྱི་གྲོང་ཁྱེར་སྐྲུན་དགོས།
ལས་ཀའི་ཁྲོད། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁང་པ་ཡག་པོ་དང་། ཁུལ་ཆུང་ཡག་པོ། སྡེ་ཁུལ་ཡག་པོ། གྲོང་ཁུལ་ཡག་པོ་བཅས་འཛུགས་སྐྲུན་བྱེད་པ་དང་། བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་དུས་འཁོར་ཧྲིལ་པོའི་དོ་དམ་འདུ་ཤེས་བཙུགས་ཏེ་གྲོང་ཁྱེར་གྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་བ། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་སྟོན་ཕྱོགས་ཀྱི་ནུས་པ་འདོན་སྤེལ་དང་། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི་རྨང་གཞིའི་ནུས་པ་ཆེར་གཏོང་། ཆེད་དོན་འཆར་འགོད་ལག་བསྟར་གྱི་འདེགས་སྐྱོར་ནུས་པ་ཆེར་གཏོང་བཅས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་འཁོར་སྐྱོད་ཁྲོད་ཀྱི་ཉེན་ཁ་དང་འགྲན་སློང་སྔོན་འགོག་དང་ཁ་གཏད་བཅག་སྟེ་གྲོང་ཁྱེར་གྱི་མཉེན་ཆ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། སྲུང་སྐྱོང་ཨང་དང་པོར་འཛིན་པ་དང་། སྲུང་སྐྱོང་བྱེད་དགོས་རིགས་ཚང་མ་སྲུང་སྐྱོང་། བེད་སྤྱོད་ལ་བརྟེན་ནས་སྲུང་སྐྱོང་ལ་སྐུལ་གཏོང་བཅས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གསར་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་གྲོང་ཁྱེར་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་པ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་མཐའ་འཁྱོངས་ཀྱིས་མི་རྒྱུ་གཉིས་འཕྲོ་བརླག་འགྲོ་བའི“ངོ་སྲུང་ལས་གྲྭ”དང“རྟགས་མཚོན་ལས་གྲྭ”གཉེར་མི་རུང་བ་བཅས་བྱེད་དགོས།
དམིགས་ཚད་གཙོ་བོ་ནི། 2030ལོར་སླེབས་སྐབས་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལག་བསྟར་བྱེད་པར་འཕེལ་རིམ་གལ་ཆེན་ཐོབ་པ་དང་། གྲོང་ཁྱེར་གསར་སྒྱུར་གྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གསར་སྤེལ་འཛུགས་སྐྲུན་བྱེད་སྟངས་ཕྱོགས་སྒྱུར་བྱུང་ནས་ཕན་འབྲས་རགས་ཙམ་ཐོན་པ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་པ། ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ། མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། དཔལ་འབྱོར་གྱི་ལས་རྣམ་སྔར་བས་ཕུན་སུམ་ཚོགས་པ། རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ནུས་ལྡན། རྣམ་པ་དང་ཁྱད་ཆོས་སྔར་བས་མངོན་པ་བཅས་གྲོང་ཁྱེར་འདི་ཉིད་མི་དམངས་མང་ཚོགས་སྤུས་ཚད་མཐོ་བའི་འཚོ་བ་སྐྱེལ་སའི་བར་མཐོངས་སུ་འགྱུར་བར་བྱ་རྒྱུ་རེད།