གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་15ཉིན། 15:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཉིན་མོ་ཐེངས་17པ་ཡིན་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“ཚང་མས་བདེ་འཇགས་ལ་སྣང་ཆེན་དང་འཕྲལ་སྡོམ་ཤེས་པར་བྱས་ཏེ། ཉེ་འཁོར་གྱི་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་དགོས”ཞེས་པ་དེ་རེད། དེ་ཉིན་བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་སློབ་གསོ་དང་། དེ་བཞིན་ནང་སྦྱོང་གསོ་སྦྱོང་བྱེད་སྒོ་སྤེལ་ནས་སྤྱི་དམངས་ཀྱི་ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེ་སྔོན་འགོག་གི་འདུ་ཤེས་དང་ཉེན་གཡོལ་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།
ཚེས་12ཉིན། སྡེ་ཚན་70ཙམ་གྱིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཤར་དབན་ཏ་ཐང་ཆེན་དུ་དྲིལ་བསྒྲགས་བྱ་ཡུལ་བཙུགས་ནས“5·12”རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བརྗོད་དོན་གཙོ་བོའི་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བརྙན་ཐུང་སྟོན་པ། དྲིལ་བསྒྲགས་འགྲེམས་པང་འཛུགས་པ། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲོད་པ། མང་ཚོགས་ཀྱི་བློ་འདྲིར་ལན་འདེབས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་རྨང་གཞིའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
བོད་ལྗོངས་དགུ་དགུ་དགུ་ཛ་དྲག་རོགས་སྐྱོབ་ལྟེ་གནས་ཀྱི་མྱུར་སྐྱོབ་རྩལ་ནུས་འགྲེམས་ཁུལ་དུ་མི་མང་པོ་འདུས་ཡོད་ཅིང་། གྲོང་མི་ཀྲང་ཤིན་ཕིང་གིས་དྲན་པ་གསོ་ཐབས་དང་གློག་རྡེག་ཡོ་བྱད་སྤྱོད་སྟངས་ནན་ཏན་ངང་སྦྱོང་བཞིན་ཡོད་པ་དང་། ལས་དོན་པས་སྤྱོད་སྟངས་ལ་གསལ་བཤད་ཞིབ་ཕྲ་དང་དོགས་འདྲིར་ངང་རྒྱུད་རིང་པོས་ལན་བཏབ་སྟེ་ཁོང་ལ་སྦྱོང་བརྡར་ཡང་ཡང་དང་གནད་འགག་ཁོང་དུ་ཆུད་རྒྱུར་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད།
ཚེས་12ཉིན། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཞང་ཞུང་ཐང་ཆེན་དུ“5·12”རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་བཙུགས་པ་རེད། མིང་རྟགས་བཀོད་ནས་གྲོས་འགོ་འདོན་པའི་ལྷུ་ཚིགས་སུ། བྱེད་སྒོར་ཞུགས་མཁན་ཡོངས་ཀྱིས་བརྗོད་དོན་གཙོ་བོའི་འཕྲེད་འགེལ་སྦྱར་ཡིག་ཐོག་མིང་རྟགས་བཀོད་དེ་ཚང་མ་ཞུགས་པའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་པ་རེད། དེ་རྗེས་དྲིལ་བསྒྲགས་བློ་འདྲི་དང་། མེ་སྐྱོན་ཐོན་མ་ཐག་གསོད་སྟངས། ས་ཡོམ་གྱི་རིམ་པ་མི་འདྲ་བའི་ཚོར་སྣང་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་མེ་གསོད་སྟངས་དམར་ཁྲིད་དང་མེ་གསོད་ཡོ་བྱད་སྤྱོད་སྟངས་བསླབས་པ་དང་། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ཁེ་ལས་དང་མཉམ་དུ་སོལ་རླངས་སྤྱོད་པའི་བདེ་འཇགས་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་སོལ་རླངས་ཕུ་ཤོར་སྐབས་ཀྱི་འཕྲལ་སྡོམ་བྱེད་ཐབས་བསླབས་པ། རྡོ་སྣུམ་ཕྱིར་འཚོང་སྡེ་ཚན་གྱིས་གསོ་རླུང་བེད་སྤྱོད་ཀྱི་བདེ་འཇགས་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་བེད་སྤྱོད་སྐོར་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། མང་ཚོགས་ཁག་གཅིག་གིས་ད་དུང་བཀོལ་སྤྱོད་དངོས་ལ་ཞུགས་པས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེན་པོ་ཐོན་པ་རེད།
དགེ་སློབ་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་ཉེན་གཡོལ་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཚེས་12ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པས་སྟོད་ལུང་བདེ་ཆེན་ཆུས་མེ་ཟོན་རུ་ཆེན་དང་མཉམ་དུ་ཕྱོགས་ཡོངས་དང་རིམ་པ་མང་བའི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཕྱོགས་བསྡུས་ནང་སྦྱོང་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཉེན་བརྡ་གྲགས་མ་ཐག་ནང་སྦྱོང་དངོས་སུ་འགོ་ཚུགས་ཤིང་། ཉལ་ཁང་ནང་གི་སློབ་མ་ཚོས་འཕྲལ་དུ་འཕྲལ་སྡོམ་གྱི་རྣམ་པ་སྟེ། མྱུར་དུ་ཐག་ཉེ་སའི་སྒྲོག་ཙེ་དང་ཉལ་ཁྲིའི་འོག་ཏུ་གབ་སྟེ་སློབ་དེབ་བམ་ཡང་ན་དཔེ་ཁུག་གིས་མགོ་དང་མཇིང་པ་བཀབ་པ་དང་རྩིག་ཟུར་དུ་ཙོག་པུར་བསྡད་པ་དང་། འཛིན་བདག་གིས་སློབ་མར་ཉེན་གཡོལ་ཚད་ལྡན་བྱེད་དགོས་པའི་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག་སྒྲིག་ལམ་སྲུང་བཞིན་ཡོད།
ཚེས་12ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དུ“འཕྲལ་སྡོམ་འགན་འཁྲི། ལྷོ་ཁའི་2025ལོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གནོད་འཚེའི་རིགས་མང་པོ་དང་ས་ཡོམ་གྱི་གནོད་འཚེའི་ཕྱོགས་བསྡུས་འཕྲལ་སྡོམ་དངོས་འཐབ་ནང་སྦྱོང་སྒྲིག་འཛུགས་བྱས་ཏེ་ས་ཡོམ་དང་ཞོར་ཐོན་གནོད་འཚེའི་རྣམ་པར་ལད་མོ་བྱས་ནས་སྔོན་ཇུས་ཀྱི་ལུགས་མཐུན་རང་བཞིན་ལ་ཞིབ་དཔྱད་དང་ཚན་པ་ཁག་གི་མཉམ་འགུལ་ལམ་སྲོལ་གྱི་མཐུན་སྦྱོར་རང་བཞིན་ལ་ཞུན་བརྡར་སྤྲས་ཏེ་རོགས་སྐྱོབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ནང་སྦྱོང་ལ་སྔོན་འགོག་དང་གྲ་སྒྲིག་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་གཏོང་། རྐྱེན་སེལ་རོགས་སྐྱོབ། ཆ་འཕྲིན་ཁྱབ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན། བརྡ་ལན་མཇུག་འགྲིལ། སླར་གསོ་དང་བསྐྱར་སྐྲུན། ཕྱོགས་སྡོམ་དཔྱད་དཔོག་བཅས་ལྷུ་ཚིགས་བདུན་དབྱེ་ཡོད།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས“མི་གཅིག་ལ་སློབ་གསོ་གཏོང་བ་དང་། ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱེད་པ། སྤྱི་ཚོགས་ཧྲིལ་པོར་ཁྱབ་འགྱེད་ཐུབ་པ”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱི་རྣམ་པ་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བོད་ལྗོངས་མཚོ་སྨད་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་དྲིལ་བསྒྲགས་ཆེད་དོན་ཁུལ་བཙུགས་ཏེ“འགྲེམས་པང་འགྲེམས་སྟོན་དང་ས་ཆ་དེ་རང་དུ་གསལ་འགྲེལ་ཟུང་འབྲེལ”བརྒྱུད་ཚན་རིག་ཁྱབ་གདལ་བཏང་ནས“ས་ཡོམ་གྱི་རྩ་བའི་རིགས་པ་དང་། འཕྲལ་སྡོམ་ཉེན་གཡོལ། རང་སྐྱོབ་དང་སྐྱོབ་རེས”གཙོ་བོར་བྱས་ཏེ་རྒྱ་བོད་ཤན་སྦྱར་གྱི་ཡིག་རིས་ཐོག་ནས་ས་ཡོམ་གྱི་འབྱུང་རྐྱེན་དང་། ས་ཆ་དེ་གའི་ས་གཤིས་གྲུབ་ཚུལ་གྱི་ཁྱད་ཆོས། ཉེ་བའི་ལོ་ཤས་རིང་གི་ས་ཡོམ་གྱི་དཔེ་མཚོན་བཅས་ལ་དབྱེ་ཞིབ་བྱས་པ་མ་ཟད། 《ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཤེས་བྱའི་ལག་དེབ》དང《ཁྱིམ་ཚང་གི་འཕྲལ་སྡོམ་དངོས་རྫས་གསལ་ཐོ》སོགས་ཀྱི་དཔྱད་ཡིག་སྤྲད་པ་རེད།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་རྫོང་ཆུ་བེད་དང་། རང་བྱུང་ཐོན་ཁུངས། མེ་ཟོན། ནགས་ཚལ་མེ་ཟོན་སོགས་སྡེ་ཚན་མང་པོ་དང་མཉམ་དུ་རྫོང་གྲོང་དམངས་སྲིད་ཐང་ཆེན་དུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དྲིལ་བསྒྲགས་དང་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་འགྲེམས་སྟེགས་བཙུགས་ནས་ལས་དོན་པས་སེམས་རྩ་འཁོལ་པོས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱའི་ལག་དེབ་དང་འཕྲལ་སྡོམ་ཉེན་གཡོལ་གྱི་ཕྱོགས་སྟོན་སོགས་དྲིལ་བསྒྲགས་དཔྱད་ཡིག་དང་དེ་བཞིན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་སྦྱར་ཡིག་འཁོད་པའི་ཁོར་ཡུག་སྲུང་སྐྱོང་ཁུག་མ་དང་ཆར་གདུགས་སོགས་རྒྱུན་གཏན་གྱི་མཁོ་ཆས་སྤྲད་པ་མ་ཟད། གོ་བདེ་ཤེས་སླའི་བྱ་ཐབས་ཐོག་ནས་མང་ཚོགས་ལ་ས་ཡོམ་དང་། མེ་སྐྱོན། ས་གཤིས་གནོད་འཚེ་སོགས་རྒྱུན་མཐོང་གནོད་འཚེ་སྣ་ཚོགས་སྔོན་འགོག་དང་། འཕྲལ་རྐྱེན་མྱུར་སེལ། རང་སྐྱོབ་དང་སྐྱོབ་རེས་བཅས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱིས་ཤེས་རྟོགས་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། ད་རེས་ཀྱི་དྲིལ་བསྒྲགས་བྱེད་སྒོར་ས་གནས་ས་ཐོག་ཏུ་ཚན་རིག་ཁྱབ་གདལ་གྱི་དཔྱད་ཡིག་3000ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་2000ལྷག་ཙམ་སྤྲད་པ་དང་མང་ཚོགས་མི་ཐེངས་300ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་ཡོད།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་མེ་ཟོན་པ་30སྒྲིག་འཛུགས་བྱས་ཏེ་རྫོང་སློབ་འབྲིང་དུ་བསྐྱོད་ནས་ས་ཡོམ་གྱི་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་དང་རང་སྐྱོབ་རྩལ་ནུས་ཀྱི་གསོ་སྦྱོང་བྱེད་སྒོ་སྤེལ་ཞིང་། དངོས་འཐབ་ཅན་གྱི་ནང་སྦྱོང་དང་ཤེས་བྱའི་སྒྲོག་འགྲེལ་ཟུང་འབྲེལ་བྱེད་སྟངས་བརྒྱུད་དགེ་སློབ་ཀྱི་གེགས་སེལ་ཉེན་གཡོལ་གྱི་ནུས་པ་ཆེ་རུ་བཏང་བ་དང་བདེ་འཇགས་སློབ་གྲྭ་འཛུགས་སྐྲུན་ལ་མེ་ཟོན་གྱི་ནུས་ཤུགས་བཏོན་ཡོད། ནང་སྦྱོང་མཇུག་འགྲིལ་རྗེས་མེ་ཟོན་པས་ས་མཐོའི་ཁུལ་གྱི་ས་གཤིས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ས་གནས་ས་ཐོག་ཏུ་ས་ཡོམ་ཐོན་སྐབས་ཀྱི་ཉེན་གཡོལ་གནད་འགག་གསལ་སྟོན་བྱས་པ་མ་ཟད། སློབ་གྲྭའི་སྐྲུན་དངོས་ཀྱི་གྲུབ་ཆའི་ཁྱད་ཆོས་ལ་དམིགས་ཏེ་ཁ་འགྲེམ་སྐབས་རྡོག་བརྫིས་མི་ཐེབས་པ་དང་ཡོམ་འཕྲོའི་འགོག་ཟོན་ཤེས་བྱ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།
(ཚེ་སྒྲོལ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)