འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་15ཉིན།

༄༅།།“མངའ་ཐང་རྒྱས་པའི་མཐའ་མཚམས། བོད་མིའི་འབྱུངས་ཁུངས་ལྷོ་ཁ།”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་པེ་ཅིན་དུ་སྤེལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་15ཉིན། 14:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

བྱེད་སྒོའི་ཡུལ་དངོས

བྱེད་སྒོའི་ཡུལ་དངོས།

    ཉེ་ཆར། པེ་ཅིན་གྲོང་ཁྱེར་ཞི་ཁྲེང་ཆུས་ཀྱི་སོག་བོད་སློབ་གྲྭའི་གནས་རྙིང་པར་ཡོད་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་དུ། བོད་ལྗོངས་འགྲེམས་ཁུལ་གྱི་“མངའ་ཐང་རྒྱས་པའི་མཐའ་མཚམས། བོད་མིའི་འབྱུངས་ཁུངས་ལྷོ་ཁ།”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་སྤེལ་བཞིན་ཡོད་པ་དང་། གྲོང་མི་དང་ཡུལ་སྐོར་བ་མང་པོ་དེ་རུ་ཕེབས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་འདུག

     ད་ཐེངས་ཀྱི་འགྲེམས་སྟོན་ནང་རྩོམ་རིག་བརྩམས་ཆོས་འགྲེམས་སྟོན་དང་། དངོས་མིན་རིག་གནས་ཤུལ་བཞག་གི་བཟོ་རྩལ། གླུ་གར་འཁྲབ་སྟོན། ཁྱད་ལྡན་ཐོན་རྫས་སོགས་ཉམས་ལེན་བར་སྟོང་མང་པོ་བཀོད་སྒྲིག་བྱས་འདུག་པ་མ་ཟད། འགྲེམས་སྟོན་པང་ལེབ་དང་། སྨྱན་མང་གཟུགས་ཀྱི་འཆར་སྟོན། དངོས་མིན་རིག་གནས་ཤུལ་བཞག་ཡུལ་དངོས་བཟོ་སྐྲུན་བཅས་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་དང་ལངས་གཟུགས་རྣམ་པའི་ཐོག་ནས་བོད་ལྗོངས་ལྷོ་ཁའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། རྩོམ་རིག་ལོ་རྒྱུས། དཔལ་འབྱོར་གྲུབ་འབྲས་བཅས་མངོན་པ་མ་ཟད། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་བརྒྱུད་རིམ་གསོན་ཉམས་དོད་པོས་མཚོན་ཡོད།

    དངོས་མིན་རིག་གནས་ཤུལ་བཞག་གི་བཟོ་རྩལ་ཁུལ་དུ་ལྷོ་ཁ་ལྷུན་རྩེ་རྫོང་གི་སྨྱུག་བསླས་ལག་རྩལ་པས་ཡུལ་དངོས་སུ་སྨྱུག་མའི་སྣོད་ཆས་བཟོ་བཞིན་པ་དང་། ལག་གདུབ་སྙིང་རྗེ་མོ་དང་བཟོ་རྩལ་རྙོག་འཛིང་ཆེ་བའི་སྨྱུག་སླེ་བཟོས་པས། དེའི་རྩེར་སོན་གྱི་ལག་རྩལ་ལ་ལྟད་མོ་བ་རྣམས་ཀྱིས་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ལག་རྩལ་པའི་མཛུབ་ཁྲིད་འོག་མི་མི་ཉུང་བ་ཞིག་དངོས་སུ་སྨྱུག་བསླས་ཀྱི་གོ་རིམ་ནང་ཞུགས་ནས་དེའི་སྤྲོ་བ་ཉམས་སུ་མྱོང་བཞིན་འདུག དེའི་འཁྲིས་ཀྱི་ཡིག་གཟུགས་འགྲེམས་སྟོན་ཁུལ་དུ་བོད་ཡིག་བྲིས་མཁན་བསོད་ནམས་དངོས་གྲུབ་ཀྱིས་བོད་ཡིག་གི་སྨོན་ཚིག་བྲིས་ནས་ལྟད་མོ་བ་རྣམས་ལ་ཕུལ་བཞིན་འདུག ཁོང་གི་སྨྱུག་འོག་ནས་ཐོན་པའི་བྲིས་ལེགས་པོ་ལས་རིག་གནས་ཀྱི་རྔམས་ཁ་ཞིག་ངང་གིས་མངོན་ཡོད་པས། ལྟད་མོ་བ་མང་པོ་གྲལ་བསྒྲིགས་ནས་སྨོན་ཚིག་བྲིས་ལེགས་པོ་ལེན་པར་སྒུག་བཞིན་འདུག

    “བོད་ཡིག་ཡིག་གཟུགས་ནི་རྫིག་ལ་ཉམས་དོད་པོ་འདུག སྨྱུག་བསླས་ལག་རྩལ་ཡང་ཧ་ལས་པ་འདུག་”ཅེས་ལྟད་མོར་ཕེབས་པའི་ཨ་ཅག་ཀྲང་གིས་དེ་ལྟར་བཤད།

    གླུ་གར་འགྲེམས་སྟོན་ཁུལ་དུ། འཁྲབ་སྟོན་པ་ཚོས་འཁྲབ་སྟོན་གྱི་རྒྱན་གོས་གྱོན་ནས། དབྱངས་རྟ་སྙན་མོ་དང་བསྡོངས་ནས་འཁྲབ་སྟོན་གྱི་འགོ་བརྩམས་ཡོད། ལྷ་མོའི་ཟློས་གར་《ཡར་ལུང་བཀྲ་ཤིས་ཞོལ་པ》འཁྲབ་པ་དེར་ལྟད་མོ་བ་ཚོས་ཐལ་མོ་ཡང་ཡང་བརྡབས་ནས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག

ལྟད་མོ་བ་ཚོ་གྲལ་སྒྲིག་ནས་བོད་ཡིག་ལམ་ནས་བྲིས་པའི་སྨོན་ཚིག་ལེན་པར་སྒུག་བཞིན་པ།

ལྟད་མོ་བ་ཚོ་གྲལ་སྒྲིག་ནས་བོད་ཡིག་ལམ་ནས་བྲིས་པའི་སྨོན་ཚིག་ལེན་པར་སྒུག་བཞིན་པ།

     ངོ་སྤྲོད་བྱས་པར་གཞིགས་ན། “ཡར་ལུང་བཀྲ་ཤིས་ཞོལ་པ་ནི་བོད་ཀྱི་ལྷ་མོའི་ཟློས་གར་ཁྲོད་ཀྱི་ཡན་ལག་རྙིང་པ་ཞིག་དང་། བྱེད་སྒོ་གལ་ཆེན་འགོ་ཚུགས་སྐབས་འཁྲབ་པའི་ལེ་ཚན་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་དང་པོའང་རེད།”

ལྷ་མོ་འཁྲབ་བཞིན་པ།

ལྷ་མོ་འཁྲབ་བཞིན་པ།

    བྱེད་སྒོ་སྤེལ་ཡུལ་ནས་ད་ཐེངས་ཀྱི་འགྲེམས་སྟོན་ནི་བོད་ལྗོངས་ལྷོ་ཁའི་རིག་གནས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་པས། མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྟེགས་བུ་གལ་ཆེན་བསྐྲུན་ནས། བོད་མིའི་འབྱུང་ཁུངས་རིག་གནས་དེ་དུས་རབས་གསར་པའི་ནང་འོད་སྟོང་འཕྲོ་བར་རམ་འདེགས་བྱེད་པ་ཚོར་ཐུབ།