འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་14ཉིན།

༄༅།།ལོ་ངོ་བཞི་སྟོང་གི་མཆོང་སྐྱོད།མཚོ་བོད་ས་མཐོའི་མཚོ་འགྲམ་ཚེ་སྲོག་གི་འཕེལ་རིམ་འཚོལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་14ཉིན། 16:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ནི་མ་བུ་མཚོའི་གནའ་ཤུལ་ཡིན་པ།(དཔྱད་གཞིའི་པར་རིས)

འདི་ནི་མ་བུ་མཚོའི་གནའ་ཤུལ་ཡིན་པ།(དཔྱད་གཞིའི་པར་རིས)

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། མ་བུ་མཚོའི་གནའ་ཤུལ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་ཀ་ལ་གནའ་མཚོའི་འགྲམ་གྱི་གཤོང་སར་གནས་པ་དང་། ས་བབ་སྨི་4400ལས་བརྒལ་ཞིང་། ཁྱབ་རྒྱ་སྨི་ངོས་གྲུ་ཁྲི་22.4ཙམ་ཡོད་པ་རེད།

མིག་སྔའི་བར། གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་རྒྱ་ཁྱོན་སྨི་ངོས་གྲུ་1650ཟིན་ཞིང་། བང་སོ་60ལྷག་ཙམ་དང་། ཐལ་དོང་40ལྷག་ཙམ། ཀ་དོང་། ཐབ་ཀ རྡོའི་གྲུབ་ཆ་སོགས་ཀྱི་གནའ་ཤུལ་གཙང་བཤེར་བྱས་ཡོད། ཞིབ་འཇུག་གྲུབ་འབྲས་ལས་མངོན་པ་ལྟར་ན། མ་བུ་མཚོའི་གནའ་ཤུལ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་ལོ་རབས་སྔ་ཤོས་དང་ས་བབ་མཐོ་ཤོས་ཀྱི་བང་སོ་རེད།

འདི་ནི་མ་བུ་མཚོའི་གནའ་ཤུལ་ཐད་ཀྱི་ཚན་རྩལ་གནའ་རྫས་རྟོག་ཞིབ་ཀྱི་དབྱེ་ཞིབ་བྱས་འབྲས་ཡིན་པ།(མཚོན་བྱེད་པར་རིས)

འདི་ནི་མ་བུ་མཚོའི་གནའ་ཤུལ་ཐད་ཀྱི་ཚན་རྩལ་གནའ་རྫས་རྟོག་ཞིབ་ཀྱི་དབྱེ་ཞིབ་བྱས་འབྲས་ཡིན་པ།(མཚོན་བྱེད་པར་རིས)

མ་བུ་མཚོའི་གནའ་ཤུལ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་རུ་དཔོན་ཤར་རྒན་དབང་འདུས་ཀྱིས། གནའ་ཤུལ་དེའི་དུས་ཐེངས་དང་པོའི་དུམ་བུ་མཇུག་མ་ནས་དུས་ཐེངས་གསུམ་པའི་བར་གྱི་ཤུལ་དངོས་ནི་ད་ཕན་ལོ་4500ནས་ལོ་3000བར་ཡིན་པ་དང་། དུས་ཐེངས་བཞི་པའི་ཤུལ་དངོས་ནི་ད་ཕན་ལོ་3000ནས་ལོ་2000བར་ཡིན་ཞེས་གསར་འགོད་པར་བཤད།

“ང་ཚོའི་ཚོད་དཔག་ལྟར་ན། ལོ་ངོ་བཞི་སྟོང་གི་སྔོན་ལ་མ་བུ་མཚོའི་རྒྱུད་དང་མཐའ་འཁོར་ས་ཁུལ་དབར་རྒྱ་ཁྱབ་ཀྱི་འགྲོ་འོང་ཉོ་ཚོང་དྲ་རྒྱ་གྲུབ་འདུག གསར་རྙེད་དེས་ཡི་གེ་མ་བྱུང་གོང་གི་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་ཡུན་རིང་བའི་རིག་གནས་གནས་སྟངས་དཔྱད་དཔོག་ལ་དཔྱད་ཡིག་གལ་ཆེན་མཁོ་འདོན་བྱས་པ་མ་ཟད། དུས་མཚུངས་སུ་རིག་གཞུང་ཞིབ་འཇུག་གི་སྡེ་ཡི“ཡི་གེ་མ་བྱུང་གོང་གི་གོ་ལ་ཧྲིལ་པོ་ཅན”གྱི་དུས་ཚོད་དང་བར་མཐོངས་ཤེས་རྟོགས་ཀྱང་ཇེ་ཆེར་བཏང་སྟེ། ཡི་གེ་མ་བྱུང་གོང་གི་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་མཉམ་འགུལ་ལ་འཚོལ་ཞིབ་བྱེད་པར་མཐོང་སྣེ་གསར་རྐྱང་ཞིག་ཕྱེ་ཡོད”ཅེས་ཤར་རྒན་དབང་འདུས་ཀྱིས་བརྗོད།

གནའ་ཤུལ་གྱི་ས་བབ་རྒྱབ་ལྗོངས་བསྐྱར་སྐྲུན་ལས་མངོན་པ་ལྟར་ན། ལོ་ངོ་བཞི་སྟོང་གོང་ཀ་ལ་གནའ་མཚོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་100ལྷག་ཙམ་ཟིན་ཡོད་པ་དེ་ནི་ད་ལྟའི་ལྡབ་11ཡིན་པ་རེད། མཚོ་མོའི་སྐྱེ་ཁམས་མ་ལག་བརྟན་པོ་ཡོད་པ་ལས་ཉ་ལས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། མ་བུ་མཚོའི་འགྲམ་གྱི་མེས་པོ་དག་གིས་སོ་བྱ་སོགས་ཆུ་བྱའི་རུས་པ་སྤྱད་དེ་ཉ་འཛིན་གྱི་ཡོད། དེ་དུས་མཚོ་འགྲམ་གྱི་རྩྭ་ཆུ་ཕུན་སུམ་ཚོགས་པ་དང་གནམ་གཤིས་བཞའ་ཚན་ཆེ་བས་མིའི་རིགས་འཚོ་གནས་ལ་དེ་བས་འཚམ་པའི་སྐྱེ་ཁམས་ཁོར་ཡུག་ཡོད་པ་རེད།

ད་ཕན་ལོ་4400ནས་4000གོང་གི་མ་བུ་མཚོའི་སྔ་དུས་ཀྱི་ཤུལ་དངོས་ནས་ཐོན་པའི་མི་སྒེར་ལ་རྗེས་དུས་ཀྱི་ས་མཐོའི་ལྷོ་རྒྱུད་ཀྱི་མི་ཚོགས་དང་གཅིག་མཚུངས་ཀྱི་རྒྱུད་འདེད་ཁྱད་ཆོས་ཡོད་ཅིང་། དེ་ལས་དུས་སྐབས་དེར་རང་ཡུལ་གྱི་རྒྱུད་འདེད་ཁྱད་ཆོས་ལྡན་པའི་ས་མཐོའི་ལྷོ་རྒྱུད་ཀྱི་མི་ཚོགས་ཡར་ཀླུང་གཙང་པོའི་འབབ་རྒྱུད་དུ་ཆེས་ཆེར་ཁྱབ་པ་གསལ་བཤད་བྱས་ཡོད། མི་སྒེར་ཁག་གཅིག་གི་རྒྱུད་ལ་་ཨེ་ཤེ་ཡ་ཤར་མའི་བྱང་ཕྱོགས་ཀྱི་ས་བབ་དམའ་སའི་མི་ཚོགས་ཀྱི་རྒྱུད་འདེད་ཀྱི་རྟགས་མཚན་ཡོད་པ་དང་། དེ་ཐོག་ནས་སྔ་དུས་ཀྱི་ས་མཐོའི་ལྷོ་རྒྱུད་ཀྱི་མི་ཚོགས་དང་ཕྱི་རོལ་གྱི་མི་རྒྱུད་དབར་འབྲེལ་འདྲིས་མང་པོ་བྱུང་བ་མཚོན་གྱི་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ(བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ནས་པར་མཁོ་འདོན་བྱས)

འདི་ནི་མ་བུ་མཚོའི་དུས་ཐེངས་གཉིས་པའི་དཔེ་མཚོན་རྫ་ཆས་ཡིན་པ།(དཔྱད་གཞིའི་པར་རིས)

འདི་ནི་མ་བུ་མཚོའི་དུས་ཐེངས་གཉིས་པའི་དཔེ་མཚོན་རྫ་ཆས་ཡིན་པ།(དཔྱད་གཞིའི་པར་རིས)