གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་14ཉིན། 10:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོའི་མདོག་ལྡན་ལྕགས་རིགས་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར། གཞི་ཁྱོན་ཡན་གྱི་མདོག་ལྡན་ལྕགས་རིགས་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.6%འཕར་བ་དང་མདོག་ལྡན་ལྕགས་རིགས་རིགས་10ཡི་ཐོན་འབབ་ཏུན་ཁྲི་1985.1ཟིན་པ་དེ་དུས་མཚུངས་ལས་2.0%འཕར་ཡོད།
དུས་ཚིགས་དང་པོར་མདོག་ལྡན་ལྕགས་རིགས་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་21.6%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་བཟོ་ལས་ལ་མ་དངུལ་བཏང་བའི་འཕར་ཚད་ལས་བརྒྱ་ཆའི་གྲངས་9.6ཡིས་མཐོ་བ་ཡོད། དེའི་ནང་གཏེར་རིའི་སྔོག་འདོན་འདེམས་སྒྲུག་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་རིམ་རྩིས་བརྒྱབ་ན་38.6%འཕར་བ་དང་བཙོ་སྦྱང་དང་མནན་སྲིང་ལས་སྣོན་ཐད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་རིམ་རྩིས་བརྒྱབ་ན་17.9%འཕར་ཡོད་པ་རེད། དམངས་ཁྲོད་མ་འཇོག་གི་གསོན་ཤུགས་གང་ལེགས་ཐོན་ནས་དུས་ཚིགས་དང་པོར་མདོག་ལྡན་ལྕགས་རིགས་ཀྱི་དམངས་ཁྲོད་ཐད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་21.0%འཕར་བའི་ནང་མདོག་ལྡན་ལྕགས་རིགས་ཀྱི་གཏེར་རིའི་སྔོག་འདོན་འདེམས་སྒྲུག་ལས་རིགས་ཀྱི་དམངས་ཁྲོད་མ་དངུལ་གཏོང་ཚད་དུས་མཚུངས་ལས་52.2%འཕར་བ་དང་བཙོ་སྦྱང་དང་མནན་སྲིང་ལས་སྣོན་ལས་རིགས་ཀྱི་དམངས་ཁྲོད་མ་དངུལ་གཏོང་ཚད་དུས་མཚུངས་ལས་14.1%འཕར་ཡོད།
དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་མདོག་ལྡན་ལྕགས་རིགས་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་22293.3ཟིན་ནས་དུས་མཚུངས་ལས་19.6%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་917.7ཟིན་ནས་དུས་མཚུངས་ལས་40.7%འཕར་ཡོད། དེའི་ནང་མདོག་ལྡན་ལྕགས་རིགས་ཀྱི་གཏེར་འདོན་སྔོག་འདེམས་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་260.0ཟིན་ནས་62.3%འཕར་བ་དང་། བཙོ་སྦྱང་དང་མནན་སྲིང་ལས་སྣོན་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་657.7ཟིན་ནས་33.6%འཕར་བ་བཅས་རེད།