གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་14ཉིན། 10:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《དགེ་རྒན་གྱི་སློབ་གསོའི་འཇོན་ཐང་མཐོར་གཏོང་འདུ་འགོད་སྒྲིག་འཛུགས་ཀྱིས་ལག་ལེན་བསྟར་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་སྟེ“ལོ་ལྔ་ཚན་བཅུ་བཞི་པ”ནས“ལོ་ལྔ་ཚན་བཅོ་ལྔ་པའི”བར་གྱི་རིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་དགེ་རྒན་གྱི་སློབ་གསོའི་འཇོན་ཐང་སྔར་བས་མཐོར་གཏོང་གི་འབྲེལ་ཡོད་ལས་དོན་ཐད་ལ་བཀོད་སྒྲིག་བྱས་པ་རེད།
བརྡ་ཐོའི་ནང་དགེ་རྒན་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་པ་གཏོད་པ་དང་། དགེ་རྒན་གྱི་སློབ་གསོ་ཞིབ་འཇུག་གི་ལས་སྟེགས་གསར་པ་སྐྲུན་པ། དགེ་རྒན་གྱི་སློབ་གསོའི་སྒྱུར་བཅོས་ཀྱི་འདེགས་སྐྱོར་གསར་པ་བརྟན་དུ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་མཐོ་ས་གསར་པ་བསྐྲུན་རྒྱུར་སྣེ་ཁྲིད་བྱེད་པ། དེ་བཞིན་སློབ་གསོའི་རྒྱལ་སྤྱིའི་སྤེལ་རེས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཕྱོགས་ལྔའི་ཐད་ནས་འཛུགས་སྐྲུན་ཚན་པར་བླང་བྱ་བཏོན་ཡོད། སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དགེ་རྒན་གསོ་སྐྱོང་གི་དགོས་མཁོ་གཞིར་བཟུང་དགེ་རྒན་ལ་སློབ་གསོ་སྤེལ་བའི་སློབ་གྲྭའི་བཀོད་པ་འཆར་འགོད་དང་། འཛུགས་སྐྲུན་ཚན་པའི་གཞི་རྩའི་ཆ་རྐྱེན་ཁ་གསལ་བཟོ་བ། སློབ་གྲྭའི་ཞིབ་ཕྲའི་ལག་བསྟར་ཇུས་འགོད་གཞིར་བཟུང་། ཁག་གཅིག་ཚགས་ཚུད་དུ་གཏོང་བ་དང་ཁག་གཅིག་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གཞིར་བཟུང་ཁག་ཐེངས་དབྱེ་ནས་ཆུ་ཚད་མཐོ་བའི་དགེ་རྒན་གྱི་སློབ་གསོའི་སློབ་གྲྭ་ཁག་གཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།