གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་14ཉིན། 10:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཞབས་ཞུའི་འཛད་སྤྱོད་ཀྱི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་ཆེད། ཚེས་9ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་ཐད་སླར་ཡང་དངུལ་བུན་གཏོང་བའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ་བཀྲམ་ཏེ། ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་ཐད་སླར་ཡང་དངུལ་བུན་སྒོར་དུང་ཕྱུར་5000བཏང་ནས་དངུལ་རྩའི་སྒྲིག་གཞིས་ཞག་སྡོད་བཟའ་བཏུང་དང་། ལུས་རྩལ་རོལ་རྩེད། སློབ་གསོ་སོགས་ཞབས་ཞུའི་འཛད་སྤྱོད་ཀྱི་ཁྱབ་ཁོངས་གཙོ་བོ་དང་རྒན་གསོའི་ཐོན་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་པ་རེད།
ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་ཐད་སླར་ཡང་དངུལ་བུན་གཏོང་བའི་གྲངས་ཚད་སྒོར་དུང་ཕྱུར་5000ཡིན་པ་དང་། ལོའི་སྐྱེད་ཚད་1.5%ཡིན་པ། དུས་ཡུན་ལོ་1ཡིན་པ། དུས་ཡུན་ཐེངས་2ནར་འགྱངས་བྱེད་ཆོག་པ། སྤྱོད་ཡུན་རིང་ཤོས་ལོ་3ལས་བརྒལ་ཆོག་གི་མེད། དངུལ་བུན་གཏོང་ཡུལ་ནང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་། གཞུང་ཁོངས་ཚོང་ལས་དངུལ་ཁང་། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་། མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་སོགས་རྒྱལ་ཡོངས་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞི་21དང་། པེ་ཅིང་དངུལ་ཁང་དང་། ཧྲང་ཧའེ་དངུལ་ཁང་། ཅང་སུའུ་དངུལ་ཁང་། ནན་ཅིང་དངུལ་ཁང་། ཉིང་པོ་དངུལ་ཁང་བཅས་མ་ལག་གི་གལ་ཆེའི་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིའི་ཁོངས་སུ་གཏོགས་པའི་གྲོང་ཁྱེར་གྱི་ཚོང་ལས་དངུལ་ཁང་5ཚུད་ཡོད། སྲིད་ཇུས་དེ་2027ལོའི་ལོ་མཇུག་བར་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དངུལ་རྩའི་སྒྲིག་གཞི་26གིས་དངུལ་བུན་གཏོང་མིན་དང་དངུལ་བུན་གཏོང་བའི་ཆ་རྐྱེན་རང་བརྟེན་ངང་ཐག་གཅོད་ཆོག སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་དང་འཚམ་པའི་དངུལ་བུན་ཐད་དངུལ་རྩའི་སྒྲིག་གཞི་26གིས་དངུལ་བུན་གྱི་མ་དངུལ་100%གཞིར་བཟུང་དུས་ཚིགས་ལྟར་ཀྲུང་གོ་མི་དམངས་དངུལ་ཁང་ལ་སླར་ཡང་དངུལ་བུན་རེ་འདུན་ཞུ་ཆོག