འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་13ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མདའ་བཞི་རྫོང་གསེར་ཐང་ཤང་སྟོང་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉིའུ་ཧྲེང་ཡིའུ། སེམས་ཤུགས་ཀྱིས་ཁེངས་པའི་ཕྱུག་འགྱུར་སྣེ་ཁྲིད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་13ཉིན། 14:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ནི་ཉིའུ་ཧྲེང་ཡིའུ(གཡོན་གྱི་དང་པོ)ཡིས་དུད་ཚང་དུ་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

འདི་ནི་ཉིའུ་ཧྲེང་ཡིའུ(གཡོན་གྱི་དང་པོ)ཡིས་དུད་ཚང་དུ་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

ས་བབ་སྨི་3129ཟིན་པའི་ཁོ་ར་ཁོར་ཡུག་ཀུན་ཏུ་སྔོ་མདངས་རྒྱས་ཤིང་། ཤར་ཕྱོགས་ཐང་ཆེན་ཆུ་མཛོད་དུ་རླབས་རིས་གྱ་གྱུར་གཡོ། རྒྱང་རིང་དུ་གཟུགས་པོ་དེ་ཙམ་ཆེན་པོ་མེད་པ་དང་ལས་གོས་གྱོན་པའི་མི་ཞིག་གིས་སྐྱེ་ལྡན་ལུད་ཁུར་ནས་གོམ་ཞེང་ཆེན་པོས་ཞིང་ནང་དུ་སྐྱོད་བཞིན་འདུག ད་ལྟ་ནི་ས་མཐོར་པད་ཁ་འདེབས་པའི་དུས་ཚིགས་རེད། “ང་ཚོའི་ནས་ཞིང་དང་པད་ཞིང་མུའུ་3000ལྷག་ཙམ་ལ་སྐྱེ་ལྡན་ལུད་རྒྱག་གི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གསེར་ཐང་ཤང་སྟོང་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉིའུ་ཧྲེང་ཡིའུ་ཡིས་གདོང་འཕྱིད་ཙམ་བྱས་ནས་འཛུམ་དམུལ་དམུལ་ངང་བརྗོད།

སྔོན་ཆད་ཀྱི་སྟོང་མདའ་གྲོང་ཚོ་ནི་དབུལ་པོ་དབུལ་རྐྱང་ཞིག་རེད། 2014ལོར་ཕྱུག་འགྱུར་འཇོན་ཐང་ཅན་ཉིའུ་ཧྲེང་ཡིའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཐོན་བྱུང་། “2014ལོའི་ཟླ་11ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པར་ང་རང་བདམས་ཐོན་བྱུང་རྗེས་ངས་གྲོང་མི་རྣམས་ལ་ད་ནས་བཟུང་སྟོང་མདའ་གྲོང་ཚོ་དབུལ་ཕོངས་ལས་གྲོལ་ཏེ་ཕྱུག་པོ་ཆགས་པར་བྱེད་ཀྱི་ཡིན་ཞེས་ཁས་ལེན་བྱས་པ་ཡིན”ཞེས་ཁོང་གིས་བརྗོད།

ཐོན་ལས་མེད་ན་གྲོང་ཚོ་འཕེལ་རྒྱས་ཇི་ལྟར་གཏོང་དགོས་སམ།

སྐབས་དེར། མདའ་བཞི་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་བཞིན་ཡོད་པས། ཁྱིམ་གྱི་སྒོ་རའི་ཕྱི་ནང་གང་སར་ནོར་ལུག་གི་ལྕི་བ་དང་རིལ་མས་ཁེངས་པའི་སྟོང་མདའ་གྲོང་ཚོ་དེ་གཙོ་གནད་བཅོས་སྒྲིག་བྱ་ཡུལ་དུ་གཏན་ལ་ཁེལ། ཉིའུ་ཧྲེང་ཡིའུ་ལ་གློ་བུར་དུ་བསམ་བློ་ཞིག་འཁོར་བ་ནི། མཉམ་ལས་ཁང་ཞིག་གཉེར་ནས་དུད་ཁྱིམ་ཡོངས་ཀྱི་ནོར་ལུག་གཅིག་གྱུར་དོ་དམ་བྱས་ན། གྲོང་ཚོའི་བཀོད་པ་ལེགས་སུ་འགྲོ་བའི་ཁར་མཉམ་སྡེབ་དཔལ་འབྱོར་ཡང་འཕེལ་རྒྱས་གཏོང་ཐུབ་སྙམ་པ་དེ་རེད།

ཉིའུ་ཧྲེང་ཡིའུ་ཡིས་ཕྱོགས་གཅིག་ནས་མང་ཚོགས་ལ་ཁ་ཏ་བྱས་ནས“ནོར་ལུག་གི་ལྷས་རར་གཅིག་གྱུར་དོ་དམ་གྱིས་གཟན་རྩྭ་སྟེར་བ་དང་། ཕྱིར་འཚོང་ནི་གྲོང་མི་རང་ཉིད་ཀྱིས་བྱས་ན་འགྲིག”ཅེས་གསལ་འགྲེལ་བརྒྱབ་པ་དང་། ཕྱོགས་གཞན་ཞིག་ནས་ཚོད་ལྟ་བྱས་ཏེ་གྲོང་ཚོའི་ནང་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། ཁོང་དང་གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད་དེ་རང་ཁྱིམ་གྱི་ལུག་1000ལྷག་ཙམ་དེ་གར་སྤོས།

ལོ་གཅིག་སོང་རྗེས། ནོར་ལུག་གཅིག་གྱུར་གསོ་ཚགས་བྱས་ན་དུས་ཚོད་དང་ངལ་ནུས་གྲོན་ཆུང་ཐུབ་པ་མ་ཟད། ཉོ་སྒྲུབ་ཚོང་པ་དང་རིན་གོང་གྲོས་མོལ་བྱས་ན“སྐད་ཆ་བཤད་དབང”དེ་བས་ཀྱང་ཡོད། ད་ཆ་ཐོན་ལས་ཅན་གྱི་གཉེར་སྐྱོང་དེ་ཡང་དག་པའི་ལམ་དུ་ཞུགས་ནས་ལོ་རེར་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་500ལྷག་ཙམ་ཟིན་པ་དང་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལའང་ཕན་འབྲས་ཐོན།

དོན་དག་འདི་བརྒྱུད་ནས་ཉིའུ་ཧྲེང་ཡིའུ་ལ“གྲོང་ཚོ་ཕྱུག་པོ་ཆགས་མིན་གྱི་འགག་རྩ་ཀྲི་པུའུ་ལ་རག་ལས་ཡོད་པས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་དགོས”པའི་ངེས་ཤེས་བརྟན་པོ་རྙེད།

སྟོང་མདའ་གྲོང་ཚོར་ལོ་མང་རིང་རྒྱུན་བསྐྱངས་པའི་ལྟ་སྐྱོང་སྐོར་གྱི་གཏམ་རྒྱུད་ཅིག་ཡོད་དེ། གྲོང་ཚོའི་ཉམ་ཐག་ཡུལ་མི་ཞིག་ལ་ནད་གཞི་ཚབས་ཆེན་ཕོག་ནས་སྨན་ཁང་དུ་ལུས་པ་དང་། ཁྱིམ་དུ་ལོ་6ལ་སླེབས་པའི་བུ་མོ་གཅིག་པོ་ལས་མེད། ཉིའུ་ཧྲེང་ཡིའུ་ཡིས་གྲོས་གཞི་བཏོན་པ་བརྒྱུད། གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་རེས་གཟའ་འཁོར་རེ་རེས་མོས་ཀྱིས་ལྟ་སྐྱོང་གི་འགན་ཁུར་བ་དང་། དུས་མཚུངས་སུ་ད་དུང་ཟ་མ་ཁྱེར་ཡོང་སྟེ་ཕ་དང་བུ་མོ་གྲོད་ཁོག་མི་ལྟོགས་པར་བྱས་ཡོད། དེར་བརྟེན། གྲོང་མི་རྣམས་ལའང་སེམས་འགུལ་ཟབ་མོ་ཐེབས་ནས་རྒྱུན་དུ་རོགས་རམ་བྱེད་པར་ཡོང་གི་ཡོད། ཕྱིས་སུ་བུ་མོ་ཐག་རིང་གི་སྤུན་མཆེད་སར་སྐྱེལ་སྐབས་མིག་ལ་མཆི་ཞག་འཁོར་བཞིན“ངས་སློབ་སྦྱོང་ཧུར་ཐག་བྱས་ནས་མ་འོངས་པར་སྟོང་མདའ་གྲོང་ཚོའི་ཡུལ་མི་རྣམས་ཀྱི་དྲིན་ལན་འཇལ་གྱི་ཡིན”ཞེས་བརྗོད་པ་རེད།

སེམས་ལ་དྲོ་སྐྱིད་སྦྱིན་པའི་གཏམ་རྒྱུད་དེ་ལྟ་བུ་ད་དུང་མི་ཉུང་བ་ཞིག་ཡོད་ཅིང་། སྟོང་མདའ་གྲོང་ཚོའི་ས་བབ་ཅུང་མཐོ་བས་གྲོང་ཚོའི་རྒན་རྒོན་ཁ་ཤས་གསོ་རླུང་རྔུབ་དགོས་པར་བརྟེན། གྲོང་ཚོའི་ལས་བྱེད་པས་རང་གིས་དངུལ་བཏང་ནས་རྒན་རྒོན་ཚོར་གསོ་རླུང་གི་ལྕགས་དམ་ནང་གསོ་རླུང་བླུག་གི་ཡོད། 2018ལོར་གྲོང་ཚོའི་ནང་བཟའ་བཅའི་ཤ་མོ་འདེབས་འཛུགས་འཕེལ་རྒྱས་གཏོང་བར་དྲོད་ཁང་ཆེན་པོ་སྐྲུན་པའི་དུས་འགོར་སྒོར་ཁྲི་400དགོས་ཀྱི་ཡོད་པས། “ཕྱུག་འགྱུར་འཇོན་ཐང་ཅན”ཏང་ཡོན་འགའ་ཞིག་གིས“ང་ཚོས་སྔོན་ལ་བཏང་ཆོག གྲོང་ཚོར་དངུལ་ཡོད་དུས་ག་ལེར་སྤྲད་ན་འགྲིག”ཅེས་བརྗོད།

“སེམས་ཤུགས་ཀྱིས་ཁེངས་པའི་སྟོང་མདའ”ཞེས་པ་ནི་སྟོང་མདའ་བས་རང་ལ་བཟོས་པའི་ངེས་གནས་རེད། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་ཕྱར་བ་གྲུ་འདེགས་བྱས་པས། “སེམས་ཤུགས་ཀྱིས་ཁེངས་པའི་སྟོང་མདའ”ལོ་རེ་བཞིན་ཡར་རྒྱས་སོང་།

2010ལོའི་གོང་སྟོང་མདའ་གྲོང་ཚོས་ས་ཞིང་བརྒྱུད་བཤུག་ལོ་གཉིས་བཏང་ཞིང་། སྐབས་དེའི་རིང་ཕན་འབྲས་ཡག་པོ་དེ་ཙམ་མ་ཐོན་པ་མ་ཟད། བརྒྱུད་བཤུག་མཁན་ཡང་བྲོས། དེ་རྗེས་གྲོང་མི་ཚོས་ས་ཞིང་ཚབ་གཉེར་དང་བརྒྱུད་བཤུག་སྐོར་གླེང་བ་ཐོས་སྐབས“གང་ལྟར་དབྱེ་བ་གསལ་པོ་ཕྱེ་མི་ཐུབ་པས་མོས་མཐུན་བྱེད་མཁན་མེད”

ལོ་གསུམ་གོང་གྲོང་ཚོས་མ་རྐང་དཔལ་འབྱོར་མཉམ་ལས་ཁང་ལ་བརྟེན་ནས་ས་ཞིང་ཚབ་གཉེར་ནང་འདྲེན་བྱས་ཏེ་གཞི་ཁྱོན་ལྡན་པའི་ངང་ནས་དང་པད་ཁ་འདེབས་རྩིས་བྱས་པ་རེད། གྲོང་མི་ཚོའི་སེམས་ཁྲལ་ལ་བསམ་གཞིགས་བྱས་ནས་ཉིའུ་ཧྲེང་ཡིའུ་དང་གྲོང་ཚོའི་ལས་བྱེད་པ་རྣམས་ཀྱིས་འགན་འཁྲི་ཚང་མར་འཁུར་དུ་བཅུག་པ་དང་ཉིན་མཚན་མེད་པར་དུད་ཚང་དུ་སོང་སྟེ“སྟོང་མདའ་གྲོང་ཚོ་བ་མོས་མ་བཅོམ་ཚེ་སེར་བས་འཇོམས་སྲིད། ང་ཚོའི་འདིར་ས་བབ་མཐོ་བ་དང་བྱེ་རླུང་ལྡང་ཤུགས་ཆེ་བས་འདེབས་འཛུགས་ཀྱི་ཕན་འབྲས་ཡག་པོ་མེད་པ་ཚང་མས་ཤེས་གསལ་རེད། གལ་ཏེ་ཁྱེད་ཚོ་ང་ལ་ཡིད་ཆེས་ཡོད་ཚེ་ཚོད་ལྟ་ཐེངས་གཅིག་བྱས་ན་འགྲིག་གམ”ཞེས་བསམ་བློའི་སློབ་གསོ་བརྒྱབ།

“རང་ཉིད་ཀྱིས་བཏབ་ན་འགྲོ་སོང་དང་མི་ཤུགས་ཕུད་ས་ཞིང་མུའུ་རེར་སྒོར་བརྒྱ་ཉིས་བརྒྱ་རག་གི་ཡོད”ཚབ་གཉེར་གྱི་ལོ་དང་པོར་འབྲེལ་ཡོད་ཁ་གསབ་བསྣན་ཚེ་ས་ཞིང་མུའུ་རེར་ཆ་སྙོམས་སྒོར་570རག་གི་ཡོད་པས་ད་ཐེངས་མང་ཚོགས་ཀྱིས་ཐེ་ཚོམ་བྱས་མེད།

ཡུན་རིང་མ་སོང་བར་མཚོ་སྔོན་པོ་དར་ཁ་ཕྱེ་བའི་དུས་ཚིགས་བསུ་རྒྱུ་རེད། ཉིའུ་ཧྲེང་ཡིའུ་ཡིས་ད་ལོའི་ཐོན་ལས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅིང་། “ང་ཚོས་དམིགས་ཚད་ཅིག་གཏན་འཁེལ་བྱས་ཡོད། གལ་ཏེ་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ལ་ཡོང་འབབ་སྒོར་ཁྲི་བརྒྱ་བྱུང་ཚེ་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚང་མར་བགོ་འགྲེམས་རྒྱག་ཐུབ”

(གནམ་ཕྱུག་རྒྱལ་དང་མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)