འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་13ཉིན།

༄༅།།ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཟླ་5ཚེས་22ཉིན་ནས་ཚེས་25ཉིན་བར་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་13ཉིན། 10:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་22ཉིན་ནས་ཚེས་25ཉིན་བར་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་དང་རྒྱལ་སྤྱིའི་འཛད་ཟོག་དངོས་མང་སྟོན་ཚོགས་སྐབས་བཞི་པ་གཉེར་རྒྱུ་ཡིན་པ་རེད། ཟླ་5ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཡན་ཏུང་གིས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ནི་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། 2012ལོར་མཉམ་ལས་ལམ་སྲོལ་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་མ་ཟད། དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད་ཅེས་བརྗོད།

     ཕྱོཊ་གཉིས་ཀྱི་ཚོང་དོན་རྒྱུན་མཐུད་འཕར་ཞིང་། 2012ལོ་ནས་བཟུང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་ཚོང་དོན་ལོ་རེར་ཆ་སྙོམས་8.8%འཕར་བ་དང་ཀྲུང་གོས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ནས་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་7.4%འཕར་བ་དེ་དག་ཚང་མ་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ཀྱི་དུས་མཚུངས་ལས་མཐོ་བ་ཡོད། 2024ལོར་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1423ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དེ་དུས་མཚུངས་ལས་6.3%འཕར་ཡོད།

    མ་འཇོག་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་སོང་ཞིང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཀྲུང་གོས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ལ་མ་དངུལ་བཏང་བའི་གཞི་ཁྱོན་ད་བར་ཨ་སྒོར་དུང་ཕྱུར་240ལས་བརྒལ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་དབུས་ཤར་ས་ཁུལ་དུ་མ་འཇོག་བྱེད་འདོད་ཆེ་བ་དང་ཁྱབ་ཁོངས་རྒྱ་ཆེ་བ་ལས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་གློག་སྒུལ་རླངས་འཁོར་དང་སྒུལ་ཤུགས་གློག་རྫས་ཁེ་ལས་གོང་འོག་གིས་ཡོ་རོབ་དབུས་ཤར་ས་ཁུལ་དུ་རྟོག་ཞིབ་དང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གཉིས་པོའི་མ་འཇོག་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད།

     སྐབས་འདིའི་དངོས་མང་སྟོན་ཚོགས་ནང་ཡོ་རོབ་དབུས་ཤར་གྱི་འགྲེམས་ཁུལ་དང་རྒྱལ་སྤྱིའི་འཛད་ཟོག་དངོས་མང་སྟོན་ཚོགས་ཀྱི་ཕྱིར་གཏོང་འཛད་ཟོག་འགྲེམས་ཁུལ་གཉིས་ཚུད་ཡོད།

    སྐབས་འདིའི་ཕྱིར་གཏོང་འཛད་ཟོག་འགྲེམས་ཁུལ་དུ་འཛད་སྤྱོད་ཐོན་རྫས་སྤུས་ལེགས་དང་། རིག་ནུས་མཁོ་ཆས། ཁྱིམ་ཆས་སྤུས་ལེགས། ལྗང་མདོག་ཐོན་རྫས་བཅས་ཁུལ་བཞི་བཀོད་སྒྲིག་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་དང་། ལྗང་མདོག་ཐཱན་ཉུང་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་སོགས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ་བྱས་ནས་མི་ཐབས་རིག་ནུས་དང་། དམའ་དབྱིངས་དཔལ་འབྱོར། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་ཁག་གཅིག་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག འགྲེམས་ཁུལ་དུ“ཕྱི་ཕྱོགས་ཚོང་དོན་ཐོན་རྫས་སྤུས་ལེགས་ཀྲུང་གོར་འགྲེམས་སྟོན”ཞེས་པའི་ཆེད་དོན་འགྲེམས་ཁུལ་བཀོད་སྒྲིག་བྱས་ནས་རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་ཕྱི་ཕྱོགས་ཚོང་དོན་ཐོན་རྫས་སྤུས་ལེགས་སྣ་ཁ་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་ཏེ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་རྒྱལ་ནང་གི་ཁྲོམ་ར་རྒྱ་བསྐྱེད་གཏོང་བར་རམ་འདེགས་བྱེད་རྒྱུ་ཡིན་པ་རེད།