འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་12ཉིན།

༄༅།།དངུལ་བུན་བསྐྱི་བའི་ཐད་གཏམ་བཟང་ཞིག་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་12ཉིན། 16:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཞབས་ཞུའི་འཛད་སྤྱོད་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཞབས་ཞུའི་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་ཆེད། ཀྲུང་གོའི་མི་དམངས་དངུལ་ཁང་གིས་ཚེས་9ཉིན་ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་དངུལ་བུན་བསྐྱར་མ་འཛུགས་རྒྱུའི་འབྲེལ་ཡོད་དོན་དག་སྐོར་གྱི་བརྡ་ཐོ་བཏང་། ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་5000བཙུགས་ཏེ། དངུལ་རྩའི་ལས་ཁུངས་ཀྱིས་ཞག་སྡོད་དང་བཟའ་བཏུང་། རིག་གནས་དང་ལུས་རྩལ། རོལ་རྩེད་དང་སློབ་གསོ་སོགས་ཞབས་ཞུའི་འཛད་སྤྱོད་ཀྱི་ཁྱབ་ཁོངས་གཙོ་བོ་དང་རྒན་གསོའི་ཐོན་ལས་ལ་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་བསྔགས་སྐུལ་དང་སྣེ་ཁྲིད་བྱས་པ་རེད།

ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་དངུལ་བུན་བསྐྱར་མ་གཏོང་བའི་གྲངས་འབོར་སྒོར་དུང་ཕྱུར་5000ཡིན་པ་དང་། ལོ་རེའི་སྐྱེད་ཚད་1.5%ཡིན་པས་དུས་བཀག་ལོ་1ཡིན་པ་དང་དུས་ཚོད་ཕྱིར་འགྱངས་ཐེངས་2བྱས་ཆོག བེད་སྤྱོད་བྱེད་ཡུན་རིང་ཤོས་ལོ་3ལས་བརྒལ་མི་ཆོག

གཏོང་སྤྲོད་བྱ་ཡུལ་དུ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་དང་། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་ཁང་། རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་། ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་། མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་སོགས་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་དངུལ་རྩའི་ལས་ཁུངས་21དང་། དེ་བཞིན་པེ་ཅིང་དངུལ་ཁང་དང་། ཧྲང་ཧའེ་དངུལ་ཁང་། ཅང་སུའུ་དངུལ་ཁང་། ནན་ཅིང་དངུལ་ཁང་། ཉིང་པོ་དངུལ་ཁང་སོགས་མ་ལག་གི་གལ་ཆེའི་རང་བཞིན་ལྡན་པའི་དངུལ་རྩའི་ལས་ཁུངས་སུ་གཏོགས་པའི་གྲོང་ཁྱེར་གྱི་ཚོང་ལས་དངུལ་ཁང་5བཅས་ཚུད་ཡོད། སྲིད་ཇུས་འདི་2027ལོའི་ལོ་མཇུག་བར་ལག་བསྟར་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དངུལ་རྩའི་སྒྲིག་གཞི་26གིས་དངུལ་བུན་གཏོང་མིན་དང་དེ་བཞིན་དངུལ་བུན་གཏོང་བའི་ཆ་རྐྱེན་རང་ཐག་རང་གཅོད་བྱས་ཆོག སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཁོངས་དང་མཐུན་པའི་དངུལ་བུན་ཐད་དངུལ་རྩའི་སྒྲིག་གཞི་26གིས་དངུལ་བུན་མ་དངུལ་གྱི་100%གཞིར་བཟུང་དུས་ཚིགས་ལྟར་ཀྲུང་གོའི་མི་དམངས་དངུལ་ཁང་ལ་དངུལ་བུན་བསྐྱར་མ་གཏོང་རྒྱུའི་རེ་བ་ཞུས་ཆོག