གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་11ཉིན། 13:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་སི་ལོ་ཝ་ཁེ་ཡའི་ཙུང་ཐུང་ཧྥེ་ཙུའོ་དང་མཇལ་འཛོམས་གནང་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་སི་ལོ་ཝ་ཁེ་ཡའི་ཙུང་ཐུང་ཧྥེ་ཙུའོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་སིའི་དབར་གྱི་འབྲེལ་བ་ཕྱོགས་ཡོངས་དང་། གཏིང་ཟབ། ཆུ་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད། ན་ནིང་གི་ཟླ་བཅུ་གཅིག་པར་སྐུ་ཉིད་ཀྲུང་གོར་འཚམས་འདྲི་གནང་རིང་ང་ཚོའི་དབར་གཅིག་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་ལ། ཀྲུང་སི་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའང“མགྱོགས་ལམ”དུ་སླེབས་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་མུ་མཐུད་ཟབ་ཏུ་བཏང་ནས་མཐོ་རིམ་དབར་སྤེལ་རེས་དམ་ཟབ་ཡོང་བ་དང་། བློ་བརྟན་འགྱུར་མེད་ངང་ཕན་ཚུན་དབར་རྒྱབ་སྐྱོར། གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཀྲུང་སིའི་དབར་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་ཡ་སོགས་རྒྱལ་ཁབ་ཁག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འགྲན་སློང་ལ་ཁ་གཏད་བཅག་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་པས། སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་ཟམ་མི་ཆད་པར་བཟང་ཕྱོགས་དང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།