གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་11ཉིན། 13:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ངས་ན་ནིང་ཟླ་5པར་སེར་པི་ཡར་རྒྱལ་དོན་འཚམས་འདྲི་བྱས་པ་ལེགས་གྲུབ་བྱུང་ཞིང་། ལོ་གཅིག་ནང་། དུས་རབས་གསར་པར་ཀྲུང་གོ་དང་སེར་པི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འགོ་ཡག་པོ་བཙུགས་ཡོད་ལ། ཚང་མས་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་ཀྱང་ཐོབ་ཡོད། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་འཕེལ་འགྱུར་མྱུར་པོ་འགྲོ་བ་དང་། ཉེན་ཁ་དང་འགྲན་སློང་མང་པོ་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་གནས་བབ་ལ་ཀྲུང་གོ་དང་སེར་པི་ཡ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་དང་། བློས་ཐུབ་ཀྱི་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གཉིས་ཕན་མཉམ་ལས་ཟབ་ཏུ་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་སེར་པི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་80ཡི་གོང་ཀྲུང་གོའི་མི་དམངས་དང་སེར་པི་ཡའི་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནང་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་སར་རྒྱལ་ཁ་ལེན་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། ཐུན་མོང་ཐོག་འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་ལ་སྲུང་སྐྱོང་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།