གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་11ཉིན། 13:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའེ་ཏེན་གྱི་རྒྱལ་པོ་ཁཱར་ཁྲི་ཐོག་བཅུ་དྲུག་པ·ཀུའུ་སི་ཐ་ཕུའུ་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སུའེ་ཏེན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་དང་པོའི་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་75སོང་ཚུན། ཀྲུང་གོ་དང་སུའེ་ཏེན་གྱི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་སྟེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། སློབ་གསོ། མི་ཆོས་རིག་གནས་སོགས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ངས་ཀྲུང་གོ་དང་སུའེ་ཏེན་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་པོ་ཁཱར་ཁྲི་ཐོག་བཅུ་དྲུག་པ·ཀུའུ་སི་ཐ་ཕུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། མི་སྣ་འགྲོ་འོང་ཟབ་ཏུ་གཏོང་བ་བཅས་ལ་སྣེ་ཁྲིད་བྱེད་པ་དང་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་ཐོབ་པ་དང་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
ཁཱར་ཁྲི་ཐོག་བཅུ་དྲུག་པ·ཀུའུ་སི་ཐ་ཕུའུ་ཡིས་གསུངས་དོན། སུའེ་ཏེན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་མཚམས་སུ་ངས་སུའེ་ཏེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཉམ་ལས་དམ་ཟབ་མུ་མཐུད་འགྲོ་བར་སྙིང་ཐག་པ་ནས་སྨོན་འདུན་ཞུ་གི་ཡིན་ལ། སུའེ་ཏེན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད།