གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་10ཉིན། 10:59】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་གིན་ངས་ཙུང་ཐུང་ཕུའུ་ཅིང་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་བྱས་པར་ཐུན་མོང་ངོས་འཛིན་གལ་ཆེན་གསར་པ་མང་པོ་བྱུང་། ང་ཚོས《ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བར་དྲན་གསོ་ཞུ་སྐབས་སུ་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཉམ་དུ་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱས་པར་དཔང་པོ་བྱས་ནས། ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྒུལ་ནུས་གསར་པ་བསྣན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨུ་རུ་སུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ངས་འཚམས་འདྲི་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ཐེངས་ནི་ཨུ་རུ་སུར་སྐྱོད་ཐེངས་བཅུ་གཅིག་པ་ཡིན། སང་ཉིན་ང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་རེད། དེ་ཡང་ལོ་10སོང་རྗེས་ང་སླར་ཡང་དྲན་གསོའི་བྱེད་སྒོ་གཟབ་རྒྱས་དེར་ཞུགས་པ་ཞིག་རེད། འདས་ཟིན་པའི་ལོ་10ནི་རྒྱལ་སྤྱིའི་དུས་བབ་ཡོ་ལངས་ཆེ་བ་དང་འཕོ་འགྱུར་ཆེ་བའི་ལོ་10ཡིན་ལ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་དང་མཆོང་སྐྱོད་ཆེན་པོ་བྱུང་བའི་ལོ་10ཡང་ཡིན། ང་ཚོས་ཐུན་མོང་ཐོག་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་བརྟན་དུ་དང་ཟབ་ཏུ་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཡག་ཐོག་ཡག་བརྩེགས་བྱུང་བའི་དཔང་པོ་བྱས་ཡོད། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་ཀྱི་འབྲེལ་བའི་མདུན་སྐྱོད་ཁ་ཕྱོགས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་བྱས་ཐོག སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་བ་དང་ཕྱོགས་ཡོངས་ནས་རོགས་ལས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་མཐའ་འཁྱོངས་བྱས་ནས་རྟག་བརྟན་འགྱུར་མེད་ཀྱི་གྲོགས་པོ་བློས་ཐུབ་ཞིག་བྱེད་དགོས་ཤིང་། ལོ་80ཡི་གོང་དམག་རྒྱལ་རིང་ལུགས་དང་ན་ཙི་རིང་ལུགས་ཀྱི་འདྲེ་ལག་མདུན་དུ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དམག་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ། ཟིལ་རླབས་དགུང་འཕྱུར་དང་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་ཀྱི་ལེའུ་བརྩམས་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཁྲག་དང་མེ་ལྕེའི་བཞུན་བརྡར་ཁྲོད་ཆགས་པའི་རླབས་ཆེན་གྱི་མཛའ་གྲོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཀྲུང་ཨུ་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་འཐབ་ཇུས་རོགས་ལས་དམ་ཟབ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་བས་ཚགས་ཚུད་པ་དང་སྲ་བརྟན་གྱི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས།
གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ནས་ཕན་ཚུན་གྲུབ་འབྲས་ཐོབ་པའི་རོགས་ཟླ་བཟང་པོ་ཞིག་བྱེད་དགོས་ཤིང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་དཀའ་ངལ་དང་འགལ་རྐྱེན་སྣ་ཚོགས་ཁྱད་བསད་བྱས་ནས་འཕྲལ་མཁོའི་དངོས་ཟོག་འབོར་ཆེན་ཕན་ཚུན་སྐྱེལ་རེས་བྱས་པ་ནས་ད་ཆ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་གྱི་ཟིན་ཐོ་གསར་པ་ཡང་ཡང་བཏོད་པའི་བར། ཀྲུང་ཨུའི་གཉིས་ཕན་མཉམ་ལས་ཀྱི“མྱུར་བགྲོད་མེ་འཁོར”ལ་ཀླུང་བརྒལ་ནས་དཀའ་ངལ་ཁྱད་བསད་བྱས་ཏེ་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད། ཀྲུང་ཨུ་ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཟམ་མི་ཆད་པར་བདེ་སྐྱིད་སྐྲུན་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ནུས་དེ་བས་ཆེན་བ་སྣོན་དགོས།
དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས་ཤིང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུ་ཡིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ཐག་གཅོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་མ་ཟད། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་ཡང་རྨང་གཞི་བཏིང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་། དགེ་མཚན་ལྡན་པ། ཡར་ཐོན་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕྱོགས་གཅིག་ཏུ་ལངས་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།
ཕྱར་བ་གྲུ་འདེགས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་སྣེ་ཁྲིད་པ་ཞིག་བྱེད་དགོས་ཤིང་། འཛམ་གླིང་གི་མདུན་ལམ་དང་ལས་དབང་ནི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྟངས་འཛིན་བྱེད་དགོས་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་མཉམ་སྤྱོད་བྱེད་དགོས། ཀྲུང་ཨུ་གཉིས་པོ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་པའི་ངོས་ནས། གཉིས་ཀས་གོ་ལ་ཧྲིལ་པོ་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་རོགས་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་བརྟན་པོར་སྲུང་བ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བཅས་བྱས་ནས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་ཡུན་རིང་གི་ཁྱིམ་མཚེས་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས། གཉིས་ཕན་མཉམ་ལས་བཅས་ཀྱི་སྙིང་སྟོབས་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་དང་དཀའ་ངལ་ཁྱད་བསད་བྱས་ཐོག ཀྲུང་ཨུའི་འབྲེལ་བའི་མཐོ་ཚད་དང་ཁྱབ་ཚད་མཐོ་རུ་བཏང་སྟེ། འཛམ་གླིང་ཞི་བདེ་དང་བདེ་འཇགས་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་སྣོན་དགོས་པ་དང་གོ་ལ་ཧྲིལ་པོ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་དེ་བས་ཤུགས་ཆེན་གཏོང་དགོས།
(ལྷག་ཚེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)