གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་09ཉིན། 16:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་5ཚེས་8ཉིན་ཚོང་དོན་པུས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་གྱི་འབྲེལ་ཡོད་གནད་དོན་ལ་ཨ་ལན་སློག་སྐབས། ཨ་རིས་སྒོ་ཁྲལ་གང་བྱུང་དུ་སྤྱོད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་དང་། ཨ་རི་ཕྱོགས་ཀྱིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་འདོད་ཚེ། ཕྱོགས་རྐྱང་པའི་སྒོ་ཁྲལ་གྱི་བྱ་ཐབས་ཀྱིས་རང་ངོས་དང་འཛམ་གླིང་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་བཟོས་པར་ལྟ་སྟངས་ཡང་དག་འཛིན་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་། ནོར་འཁྲུལ་གྱི་བྱེད་སྟངས། ཕྱོགས་རྐྱང་པའི་སྒོ་ཁྲལ་སྣོན་བསྡུ་མེད་པར་བཟོ་བ་སོགས་ཀྱི་གནད་དོན་ཡོ་བསྲང་བྱེད་པའི་ཐད་གྲ་སྒྲིག་ཡག་པོར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ་འདྲ་མཉམ་དུ་གྲོས་མོལ་བྱེད་པ་བརྒྱུད་ཕྱོགས་གཉིས་པོའི་དོ་ཁུར་གྱི་དོན་དག་ཐག་གཅོད་བྱེད་དགོས། ཁ་ཞེ་མི་མཚུངས་པར་བྱེད་རིགས་དང་། ཐ་ན་གླེང་མོལ་ལ་ཁ་གཡར་ནས་མུ་མཐུད་འཇིགས་སྐུལ་དང་སྙད་འཚོལ་འཇིགས་སྐུལ་བྱེད་རྩིས་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་ཁས་གཏན་ནས་ལེན་མི་སྲིད་ལ། རྩ་དོན་གྱི་ལངས་ཕྱོགས་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་བློས་བཏང་ནས་གྲོས་མཐུན་གང་ཡང་འཇོག་མི་སྲིད་ཅེས་བསྟན།