གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་09ཉིན། 15:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དམངས་གཉེར་དཔལ་འབྱོར་དང་དངུལ་རྩའི་སྒྲིག་གཞིའི་མ་དངུལ་བསྡུ་སྒྲིལ་ཆ་འཕྲིན་ཆ་འགྲིག་ཡོང་བར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཨུད་དངུལ་རྩ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། མཚོ་སྔོན་ཞིང་ཆེན་ཡིད་རྟོན་ཁག་ཐེག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་དང་མཉམ་དུ“དངུལ་རྩའི་གསོན་ཤུགས་གཅིག་སྡུད་ཀྱིས། དམངས་གཉེར་ཁེ་ལས་གོང་འཕེལ་གཏོང”ཅེས་པའི་དམངས་གཉེར་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་འབྲེལ་མཐུད་ཚོགས་འདུ་འཚོགས་ནས་དམངས་གཉེར་དཔལ་འབྱོར་ལ་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་དང་། ཁེ་ལས་འབྲིང་ཆུང་གི་དངུལ་བུན་གཡར་ཡུན་འགྱངས་ཞུའི་འཁོར་རྒྱུག་མ་དངུལ་སྲིད་ཇུས། “མཚོ་སྔོན་གྱི་ཡིད་རྟོན་བསྡུ་སྒྲིལ”ལས་སྟེགས་ཀྱི་མ་དངུལ་བསྡུ་སྒྲིལ་སྲིད་ཇུས། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྲིད་ཇུས་བཅས་ལ་གསལ་འགྲེལ་གཏིང་ཟབ་བརྒྱབ་པ་རེད།
ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཨུད་དངུལ་རྩའི་གཞུང་ལས་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་ཀྱིས་ཐུན་མོང་ཐོག“དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ”བཏོན་ནས་དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞི་ཁག་གིས་དེ་བས་གནད་སྨིན་གྱི་སྒོ་ནས་དངུལ་རྩའི་རྒྱབ་སྐྱོར་དང་། དེ་བས་གསར་གཏོད་ཀྱི་ཞབས་འདེགས་ཞུ་སྟངས། དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད་བྱེད་ཐབས་བཅས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་གསོན་ཤུགས་སྦྱིན་དགོས་པའི་འབོད་སྐུལ་བྱས་པ་རེད། ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་དང་དངུལ་རྩའི་སྒྲིག་གཞི་ཁག་ལ་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོ་སྒོར་དུང་ཕྱུར་242.7(དེའི་ནང་བཟོ་ལས་ཁྱབ་ཁོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོ་སྒོར་དུང་ཕྱུར་176.3)ཡོངས་བསྒྲགས་ངང་ངོ་སྤྲོད་བྱས་པ་རེད། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་ཁག་གཅིག་གིས་དམངས་གཉེར་ཁེ་ལས་དང་མ་དངུལ་བསྡུ་སྒྲིལ་གྱི་འདོད་མོས་གན་རྒྱ་བཞག་ཅིང་། རྒྱབ་སྐྱོར་ཁྱབ་ཁོངས་ནི་ཞིང་འབྲོག་ལས་དང་། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་མི་འདྲ་བ་ཚུད་ཡོད་པ་དང་། མ་དངུལ་བསྡུ་སྒྲིལ་དངུལ་འབོར་སྒོར་དུང་ཕྱུར་46.08དོན་འཁྱོལ་བྱས་པ་དང་འདོད་མོས་ཡོད་པའི་མ་དངུལ་བསྡུ་སྒྲིལ་དངུལ་འབོར་སྒོར་དུང་ཕྱུར་34.2གྲོས་མཐུན་བྱུང་ཡོད་པ་རེད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། དབང་སྒྲོན་སྐྱིད་དང་ཚེ་སྒྲོལ་གྱིས་ཞུས)