འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།“ལྔ་གཅིག”ངལ་གསོའི་རིང་བོད་ཀྱི་འཛད་སྤྱོད་ཁྲོམ་རར་ཚ་རླབས་འཕྱུར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 15:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་གཅིག”ངལ་གསོའི་རིང་བོད་དུ་ཡུལ་སྐོར་དང་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་ཞིང་། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ལྷ་ལྡན་གཙུག་ལག་ཁང་སོགས་སུ་ཡུལ་སྐོར་བའི་རྒྱུན་ཆད་རྒྱུ་མེད་པ་དང་། བཟའ་བཏུང་དང་། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། སིལ་ཚོང་སོགས་འཛད་སྤྱོད་ཁྲོམ་ར་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་ནས་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་ཡོད།

བོད་ལྗོངས་ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་གང་སར་མི་ཚོགས་ཀྱིས་ཁེངས་ཤིང་། མི་འགྲུལ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་ལས་རིགས་ཁག་གི་འཛད་སྤྱོད་ཀྱི་ཚ་རླབས་ཀྱང་མགྱོགས་མྱུར་འཕྱུར་ཡོད། ཉིན་དེ་དག་རིང་བར་སྐོར་ཁྲོམ་གཞུང་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཕྱུ་པ་གྱོན་ནས་གང་སར་པར་རྒྱག་བཞིན་མཆིས། “ངལ་གསོ་མ་བཞག་གོང་གི་ཉིན་གསུམ་ནས་བོད་ཆས་མངགས་ཉོ་བྱེད་མཁན་ཡུལ་སྐོར་བ་ཧ་ཅང་མང་པོ་འདུག” བར་སྐོར་ཁྲོམ་གཞུང་ཉེ་འཁོར་གྱི་པར་རྒྱག་ཉམས་ལེན་ཁང་དུ་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད། དེ་དང་འདྲ་བར་བོད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཐང་ག་དང་སྤོས་སོགས་ཀྱང་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ནས་ཡུལ་སྐོར་བ་མང་པོས་གཞན་ལ་སྤྲོད་པའི་ལག་རྟགས་ཡག་ཤོས་སུ་གྱུར་ཡོད། ངལ་གསོའི་རིང་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“བདེ་སྐྱིད་ཀྱི་ཁྲེང་ཀོན། འཛད་སྤྱོད་ཀྱི་ལྔ་གཅིག”ཅེས་པའི་ཚོང་ཟོག་འགྲེམས་ཚོང་ཚོང་འདུས་གཉེར་ཏེ་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་ས་བབ་དམའ་བའི་མཐའ་མཚམས་སུ་ཡུལ་སྐོར་བྱེད་པ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ནས་ཉིང་ཁྲི་དང་གཞིས་རྩེ་སོགས་ནི་མི་རྣམས་འགྲོ་འདོད་ཆེ་ཤོས་ཀྱི་ས་ཆར་གྱུར་ཡོད། “ངལ་གསོའི་རིང་ཕྲུ་གུ་ཁྲིད་ནས་ས་བབ་དམའ་སར་བསྐྱོད་དེ་མེ་ཏོག་ལ་ལྟ་བ་དང་གསོ་རླུང་བརྔུབས་ཏེ། རང་བྱུང་ཁམས་ཀྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་ལ་རོལ་ན་ཧ་ཅང་སྐྱིད་པོ་འདུག”ཅེས་ལྷ་སའི་གྲོང་མི་བཀྲ་རྡོར་གྱིས་བཤད།

བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། “ལྔ་གཅིག”གུང་གསེང་རིང་བྲིན་ཚོང་བྱེད་སྒོ་སྣ་ཚོགས་སྤེལ་བས་སྔོན་དཔག་བྱས་ན་འཛད་སྤྱོད་སྒོར་དུང་ཕྱུར་ལས་བརྒལ་བར་སྐུལ་ཁྲིད་ཐུབ་རྒྱུ་རེད། སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། ཁེ་ལས་ཀྱིས་ཁེ་ཕན་སྤྲོད་པ། དམངས་ཡོངས་ཞུགས་པ་བཅས་ཀྱི་བྱ་ཐབས་བརྒྱུད་འཛད་སྤྱོད་པར་ཕན་པ་དངོས་ཐོབ་ནས་བོད་ཀྱི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སླར་གསོ་ཡོང་བར་རམ་འདེགས་ཐུབ་ཡོད་ཅེས་བཤད།