འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།ཡོ་རོབ་ཀྱིས་ཨ་རིར་རྒོལ་ལན་སྤྲོད་རྩིས་ཡོད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 13:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཡོ་རོབ་མནའ་འབྲེལ་གྱིས་རིན་ཐང་ཡོ་སྒོར་དུང་ཕྱུར་སྟོང་ཙམ་ཟིན་པའི་ཨ་རིའི་ཚོང་ཟོག་ལ་ཁྲལ་བསྡུ་རྩིས་ཡོད།

   ཚེས་7ཉིན། ཡོ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་གལ་སྲིད་ཨ་རི་ཕྱོགས་དང་སྒོ་ཁྲལ་གྲོས་འཆམ་མ་བྱུང་ཚེ། ཡོ་རོབ་མནའ་འབྲེལ་གྱིས་རིན་ཐང་ཡོ་སྒོར་དུང་ཕྱུར་1000ཙམ་ཟིན་པའི་ཨ་རིའི་ཚོང་ཟོག་ལ་ཁྲལ་བསྡུས་ནས་ཨ་རིས་དེ་སྔོན་ལག་བསྟར་བྱས་པའི་སྒོ་ཁྲལ་བྱ་ཐབས་ལ་འཁོན་ལན་སློག་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།

    ཉིན་དེར་ཧྥ་རན་སེ་གསར་འགྱུར་ཁང་གིས་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དཔོན་གྱི་གཏམ་བཤད་དྲངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་རི་ཕྱོགས་ཀྱི་སྒོ་ཁྲལ་བྱ་ཐབས་ལ་ངོ་རྒོལ་བྱས་ནས་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་བསྡུ་རྩིས་ཡོད་པ་རེད། 

    མིག་སྔར། ཡོ་རོབ་མནའ་འབྲེལ་ལ་ཨ་རིས་ངར་ལྕགས་དང་། ཧ་ཡང་། རླངས་འཁོར་བཅས་ནང་འདྲེན་ཐད་སྒོ་ཁྲལ་25%བསྡུས་པ་དང་། དེ་བཞིན་ཚོང་ཟོག་གཞན་དག་ཚང་མའི་ཐོག“གཞི་རྩའི་སྒོ་ཁྲལ”10%བསྡུས་པ་རེད། དེ་སྔོན་ཨ་རིས་ཡོ་རོབ་མནའ་འབྲེལ་གྱིས“འདྲ་མཚུངས་སྒོ་ཁྲལ་”20%བསྡུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་གནས་སྐབས་སུ་ཉིན་90ནར་འགྱངས་བཏང་བ་རེད།

    ཚེས་6ཉིན་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཚོང་དོན་དང་དཔལ་འབྱོར་བདེ་འཇགས་སོགས་ལས་དོན་གྱི་འགན་འཁུར་མཁན་ཨུ་ཡོན་མ་ལུའོ་ཧྲི·ཞེ་ཧྥུའུ་ཆའོ་ཝུའེ་ཆི་ཡིས་ཡོ་རོབ་མནའ་འབྲེལ་གྱིས་གནས་སྐབས་ནར་འགྱངས་བྱེད་པའི་དུས་སུ་སྔར་བས་དོ་སྙོམས་བྱེད་ཐབས་གྲ་སྒྲིག་བྱས་ནས་གྲོས་མཐུན་མ་བྱུང་ཚེ་དྲང་གཞག་གི་འགྲན་རྩོད་ཁོར་ཡུག་ཅིག་རྒྱུན་འཁྱོངས་བྱེད་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཁོང་གིས་ད་དུང་མུ་མཐུད་གྲོས་མོལ་བྱེད་པ་ཕུད། ཡོ་རོབ་མནའ་འབྲེལ་གྱིས“གཏུག་བཤེར་ལ་གྲ་སྒྲིག་བྱས་ནས་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་མ་ལག་སྲུང་སྐྱོང་དང་ཤུགས་སྣོན་རྒྱག་བཞིན་ཡོད”པ་དང་འབྲེལ་གོ་ལ་ཧྲིལ་པོའི་ཚོང་དོན་རོགས་ཟླ་གཞན་དག་དང་རང་མོས་ཚོང་དོན་གྲོས་མོལ་མགྱོགས་སུ་གཏོང་བཞིན་ཡོད་ཅེས་བཤད་པ་རེད།