གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་09ཉིན། 13:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་ཟླ་5ཚེས་8ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི《མཁའ་དབྱིངས་དམག་དུས་དེབ》ཀྱིས་འཕུར་སྐྱོད་རྗེས་འདེད་གཞི་གྲངས་དྲངས་ནས་ཨ་རིས་ཧིན་རྡུ་རྒྱ་མཚོ་ཏི་ཀེ་ཅ་ཞི་ཡ་གླིང་ཕྲན་གྱི་རྟེན་གཞིར་B-52འཐབ་ཇུས་འབར་མདེལ་གནམ་གྲུ་འགའ་མངགས་གཏོང་བྱས་ཡོད་ཅེས་འཁོད་པ་རེད།
དེ་སྔོན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཀུང་སིའི་བཅར་འདྲི་དང་ལེན་བྱེད་སྐབས། གལ་ཏེ་ཨ་རི་དང་དབྱི་རན་གཉིས་ཀྱིས་ཉིང་རྡུལ་འཆར་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་མ་ཐུབ་ཚེ“ད་སྔ་བྱུང་མྱོང་མེད་པའི་འབར་མདེལ་དབྱུག་རྒྱུ”ཞེས་འཇིགས་སྐུལ་བཏང་། 《ཝར་ཁྲོམ་གཞུང་ཉིན་རེའི་ཚགས་པར》གྱིས་ཟླ་3པའི་ཟླ་མཇུག་ཏུ་གནས་འཕྲིན་སྤེལ་དོན། དབྱི་སི་རལ་ལ་རྒྱུན་ཆད་མེད་པར་རྒོལ་རྡུང་ཐེབས་པ་དང་། དམར་མཚོའི་མཚོ་འགྲུལ་ལ་འཇིགས་སྐུལ་ཕོག་པའི་རྒྱབ་ལྗོངས་འོག ཨ་རིས་ཧིན་རྡུ་རྒྱ་མཚོའི་ཏི་ཀེ་ཅ་ཞི་ཡ་གླིང་ཕྲན་རྟེན་གཞིར་B-2“རྣམ་ཤེས་”གྱི་མངོན་མེད་འབར་མདེལ་གནམ་གྲུ་འགའ་མངགས་ནས་དབྱི་རན་དང་ཧུའུ་སའེ་དྲག་དཔུང་ལ་བརྡ་རྟགས་བཏང་བ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཐེ་རོན་ཕུའུ་ཡིས་དབྱི་རན་ལ་ཧུའུ་སའེ་དྲག་དཔུང་ལ་རྒྱབ་སྐྱོར་མི་བྱེད་པའི་ཐ་ཚིག་ཐེངས་མང་བཏང་བ་མ་ཟད། ད་དུང་དབྱི་རན་གྱིས་ཉིང་རྡུལ་འཆར་གཞི་མུ་མཐུད་འཕེལ་རྒྱས་གཏོང་བར་དམག་དོན་བྱ་ཐབས་སྤྱོད་རྒྱུར་འཇིགས་སྐུལ་ཡང་བཏང་བ་རེད།