འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།ཞི་ཅིན་ཕིང་གིས“ཞི་བདེའི་མེ་སྟག དུས་རབས་ཀྱི་ལེའུ་གསར—ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་
སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་
ཀྲུང་ཨུའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོར”རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 13:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཞི་བདེའི་མེ་སྟག དུས་རབས་ཀྱི་ལེའུ་གསར—ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཀྲུང་ཨུའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོར”རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་80ཡི་གོང་། ཀྲུང་གོ་མི་དམངས་དང་ཨུ་རུ་སུ་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་པར་ཐུན་མོང་ཐོག་སུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་བ་དང་། ཁྲག་དྲོན་ལ་བརྟེན་ནས་གཞོམ་ཞིག་མེད་པའི་རླབས་ཆེན་མཛའ་གྲོགས་ཆགས་པར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་80ཡི་རྗེས་ཀྱི་དེ་རིང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་རྒྱས་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་མིག་དཔེ་བཏོད་ཡོད།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དེ་ཕན་ཚུན་རྒྱུས་མངའ་ཟབ་ཏུ་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་དར་སྤེལ་གཏོང་བ། ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་མཉམ་དུ་འགན་འཁྲི་འཁུར་བ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་ཀྱིས་དམངས་སེམས་འབྲེལ་བ་དང་། མང་ཚོགས་དང་འབྲེལ་འདྲིས། བརྩེ་བ་ཟབ་པ་བཅས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་མང་ཙམ་སྤེལ་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་པ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་པ་སྣོན་པ་དང་། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་བཀྲག་མདངས་གསར་པ་སྣོན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་བ་བཅས་ཀྱི་རེ་བ་ཡོད།

     “ཞི་བདེའི་མེ་སྟག དུས་རབས་ཀྱི་ལེའུ་གསར—ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཀྲུང་ཨུའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ”དེ་ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨུ་རུ་སུའི་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སིས་གོང་ཚེས་ཉིན་གྲོང་ཁྱེར་མོ་སི་ཁོ་རུ་མཉམ་དུ་གཙོ་གཉེར་བྱས་ཤིང་། དེ་ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།