འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།ཚན་པ་བཅུ་ཡིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ནུས་རྒྱུ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

2035ལོར་སླེབས་སྐབས་གློག་སྒུལ་རྐྱང་པའི་རླངས་འཁོར་དེ་རླངས་འཁོར་གསར་པའི་འཕེལ་ཕྱོགས་གཙོ་བོར་འགྱུར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 13:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། 2035ལོར་སླེབས་སྐབས་རང་རྒྱལ་གྱིས་དྭངས་གཙང་ཐཱན་ཉུང་གི་ནུས་རྒྱུ་འཛད་སྤྱོད་གཙོ་བོར་བྱེད་པ་དང་། ཚན་རྩལ་གསར་གཏོད་འགག་རྩའི་འདེགས་སྐྱོར་དུ་བྱེད་པ། ལྗང་མདོག་དང་། རིག་ལྡན། གྲོན་ཆུང་བཅས་སྟོན་ཕྱོགས་སུ་བྱས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་རྒྱུ་སྤྱོད་པའི་མ་ལག་རགས་ཙམ་འཛུགས་རྒྱུ་ཡིན་ཞིང་། གློག་སྒུལ་རྐྱང་པའི་རླངས་འཁོར་དེ་ཕྱིར་ཚོང་རླངས་འཁོར་གསར་པའི་འཕེལ་ཕྱོགས་གཙོ་བོར་འགྱུར་རྒྱུ་དང་། ནུས་རྒྱུ་གསར་པའི་སྐྱེལ་འདྲེན་ལྗིད་ཐེག་རླངས་འཁོར་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྗང་མདོག་གློག་རྒྱུན་མཁོ་སྤྲོད་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་རེད།

    ཉིན་ཤས་གོང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བཅུ་ཡིས་མཉམ་འབྲེལ་ཐོག《འགྲིམ་འགྲུལ་སྐྱེལ་འདྲེན་དང་ནུས་རྒྱུ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་རང་རྒྱལ་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་རྒྱུ་གཙང་མ་མཁོ་སྤྲོད་འགན་ལེན་མ་ལག་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པའི་ས་ཆ་དང་རྒྱ་མཚོ་སོགས་ཀྱི་འདེགས་སྐྱོར་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། འགྲིམ་འགྲུལ་དང་ནུས་རྒྱུ་གཙང་མའི་རྨང་གཞིའི་སྒྲིག་བཀོད་དུས་མཉམ་དུ་གསར་སྤེལ་དང་ཚོང་འགུགས་བྱེད་པར་སྐུལ་མ་གཏོང་བ། ཡུལ་བབ་དང་བསྟུན་ནས་ལྕགས་ལམ་དང་། གཞུང་ལམ། གྲུ་ལམ། ལྟེ་བའི་ས་ཚིགས་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལ་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་རྒྱུའི་མ་ལག་གི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་དྲ་བ་དང་ནུས་རྒྱུའི་དྲ་བ་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན་ལུགས་བཏོན་པ་རེད།