འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།དུས་ཚིགས་དང་པོར་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུས་གསར་དུ་འཕར་བའི་གློག་འདོན་ཤུགས་ཀྱི་བཅུ་ཆ་དགུ་ཙམ་བཟུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 13:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཏིང་དབྱི་ཐིང་། ཀྲང་ལིང་།

    ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་དུས་ཚིགས་དང་པོའི་ནུས་རྒྱུ་འཕེལ་རྒྱས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཡོངས་སུ་ནུས་རྒྱུ་མཁོ་སྤྲོད་གདང་ངེས་ཡོད་པ་དང་། འཛད་སྤྱོད་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། སྤྲོད་མཁོ་སྤྱིའི་ཆ་ནས་མཁོ་ཚད་ལས་འདོན་ཚད་མཐོ་བ། རིན་གོང་བརྟན་ཁྲོད་ཆག་པ་བཅས་བྱུང་ནས། ནུས་རྒྱུ་ཐོན་སྐྱེད་དང་གློག་སྤྱོད་འཕར་ཚད་ཐད་དགེ་མཚན་ལྡན་པའི་བརྡ་རྟགས་མངོན་ཡོད་པ་རེད།

    བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུས་གསར་དུ་འཕར་བའི་གློག་འདོན་ཤུགས་ཀྱི་གནས་བབ་གཙོ་བོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་ནུས་རྒྱུ་ཅུས་ནུས་རྒྱུ་གསར་པ་དང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་སིའི་སི་ཀྲང་གཞོན་པ་ཕན་ཧུའེ་མིང་གིས། དུས་ཚིགས་དང་པོར། རྒྱལ་ཡོངས་སུ་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་གློག་འདོན་ཤུགས་ཆན་ཝ་ཁྲི་7675གསར་འཕར་བྱུང་བ་དེ་དུས་མཚུངས་ལས་21%འཕར་ནས་གསར་དུ་འཕར་བའི་གློག་འདོན་ཤུགས་ཀྱི་90%ཙམ་བཟུང་ཡོད། རླུང་གློག་དང་འོད་ཤུགས་གློག་གཏོང་གི་གློག་འདོན་ཤུགས་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མེ་ཤུགས་གློག་འདོན་ཤུགས་ལས་བརྒལ་ཡོད། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8160ཟིན་པ་དེ་དུས་མཚུངས་ལས་18.7%འཕར་ནས་གློག་འདོན་ཚད་ཡོངས་ཀྱི་35.9%ཙམ་བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཉེ་ཆར། རང་རྒྱལ་གྱི་གཉེར་སྐྱོང་བྱེད་བཞིན་པ་དང་ཞིབ་བཤེར་ཆོག་མཆན་ཐོབ་ནས་སྐྲུན་བཞིན་པའི་ཉིང་གློག་གི་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་1.2ལྷག་ཙམ་ཟིན་ཡོད། རྒྱལ་ཁབ་ནུས་རྒྱུ་ཅུས་ཕྱོགས་བསྡུས་སིའི་སི་ཀྲང་གཞོན་པ་ཀྲང་ཤིང་གིས། 2024ལོར་རྒྱལ་ཡོངས་ཀྱི་ཉིང་གློག་གི་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4509ཟིན་པ་དེས་རྒྱལ་ཡོངས་ཀྱི་གློག་འདོན་ཚད་བསྡོམས་འབོར་གྱི་4.5%བཟུང་ཡོད། གོམ་སྟབས་རྗེས་མར། ཉིང་གློག་ལག་རྩལ་རབས་བཞི་པ་དང་། དཔེ་དུམ་རང་བཞིན་གྱི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཆུང་གྲས། ཉིང་རྡུལ་འདུས་འགྱུར་སོགས་ལག་རྩལ་གསར་ཤོས་ཀྱི་ཞིབ་འཇུག་གསར་སྤེལ་འགག་སྒྲོལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དྲོད་རླངས་མཁོ་འདོན་དང་། རླངས་པ་མཁོ་འདོན། མཚོ་ཆུ་ཚྭ་མེད་དུ་སྒྱུར་བ་སོགས་ཀྱི་ཐད་ཉིང་རྡུལ་ནུས་པ་ཕྱོགས་བསྡུས་བེད་སྤྱོད་བྱེད་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་བརྡ་ཐོ་བཀྲམ་སྟེ་དམངས་གཉེར་ཁེ་ལས་ཀྱིས་སྒུལ་ནུས་རིམ་སྤོར་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དམངས་གཉེར་ཁེ་ལས་དྲང་གཞག་ངང་ཁྲོམ་རར་ཞུགས་པར་སྐུལ་འདེད་གཏོང་བ། ནུས་རྒྱུའི་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཡོད། ནུས་རྒྱུའི་ཁྱབ་ཁོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་ནུས་རྒྱུའི་བདེ་འཇགས་འགན་སྲུང་དང་། ཐཱན་ཉུང་ཕྱོགས་སྒྱུར། དཔལ་འབྱོར་འཕར་བ་བཅས་ཀྱི་ཐད་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། 2024ལོའི་ལོ་མཇུག་བར། གཞི་ཁྱོན་ཡན་གྱི(གློག་གསོག་སྒྲིག་ཆས་ཁྲི་1ཡན་ལས་གཉེར་བྱེད་པ)གཉེར་སྐྱོང་ཚོང་པའི་ནང་དམངས་གཉེར་ཁེ་ལས་ཀྱིས་བསྡུར་ཚད་བཟུང་ཚད་80%ལྷག་ཙམ་ཟིན་ཡོད། ཉེ་ཆར་གསར་དུ་ཞིབ་བཤེར་ཆོག་མཆན་ཐོབ་པའི་ཉིང་གློག་རྣམ་གྲངས་5ཡི་ནང་དམངས་གཉེར་ཁེ་ལས་ཀྱིས་མ་རྐང་བཟུང་ཚད་10%ཡན་ཟིན་ཡོད་པ་རེད།