འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་8ཉིན།

༄༅།།ཞི་ཅིན་ཕིང་དང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་
ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་
རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

ལི་ཆང་དང་ཁོ་སི་ཐཱ་དང་ཧྥེང་ཏེ་ལའེ་ཨེན་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་08ཉིན། 09:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་ལ། སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་དང་། གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲོམ་ར་ཆེན་པོ་གཉིས། སྣ་མང་རང་བཞིན་དར་སྤེལ་གཏོང་མཁན་གྱི་ཤེས་དཔལ་ཆེན་པོ་གཉིས་བཅས་ཀྱང་རེད། ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་། ཕྱོགས་གཉིས་པོའི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་དབར་འགྲོ་འོང་ཟབ་པ་དང་། གླེང་མོལ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་ལ་ཁྱད་ཆོས་ལྡན་པ། ཕྱོགས་མང་མཐུན་སྦྱོར་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲས་སུ་གྱུར་ནས་ཀྲུང་གོ་དང་ཡོ་རོབ་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་སླར་ཡང་འགག་རྩའི་ལམ་བཞི་མདོ་ཁར་སླེབས་ཡོད། སྐྱོན་བྲལ་དང་བརྟན་ལྷིང་ཡིན་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བས་ཕན་ཚུན་དབར་གྲུབ་འབྲས་གཏོད་ཐུབ་པ་མ་ཟད། འཛམ་གླིང་ལའང་ཕན་བདེ་བསྐྲུན་ཐུབ། ངས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུའུ་ཞི་ཁོ་སི་ཐཱ་དང་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་། འཐབ་ཇུས་འབྲེལ་གཏུག་ཟབ་ཏུ་གཏོང་བ། བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ། རོགས་ཟླའི་ངེས་གནས་བརྟན་དུ་གཏོང་བ། ཕན་ཚུན་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། འགལ་བ་དང་མི་མཐུན་པའི་ཆ་ཐག་གཅོད་ཡག་པོ་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་འབྱུང་འགྱུར་གཏོད་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། དྲང་གཞག་དྲང་བདེན་སྲུང་སྐྱོང་། ཕྱོགས་རྐྱང་པའི་བཙན་ཤེད་ལ་ངོ་རྒོལ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ། འདྲ་མཉམ་དང་སྒྲིག་ལམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

     ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་གསུངས་དོན། འདས་ཟིན་པའི་ལོ་50ཡི་རིང་། ཀྲུང་གོར་ལོ་རྒྱུས་ཐོག་དཔལ་འབྱོར་རྒྱུན་མཐུད་འཕར་མགྱོགས་ཤོས་མངོན་འགྱུར་བྱུང་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་རྒྱ་ཁྱབ་ཀྱི་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་པོ་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་སུ་གྱུར་ཏེ་ཕྱོགས་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་དང་དཔལ་འབྱོར་འཕེལ་རྒྱས་དང་དར་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་གཏན་འཁེལ་མེད་པའི་རང་བཞིན་དང་ས་འབྲེལ་ཆབ་སྲིད་འགྱུར་ལྡོག་གི་རྒྱབ་ལྗོངས་འོག ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་རྩ་དོན་སྲུང་སྐྱོང་། ལག་གདང་སྦྲེལ་ནས་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་དང་། བདེ་འཇགས། དར་རྒྱས་བཅས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

    ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཁོ་སི་ཐཱ་དང་ཧྥེང་ཏེ་ལའེ་ཨེན་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་། དགེ་མཚན་རང་བཞིན། གཉིས་ཕན་རང་བཞིན། གོ་ལ་ཧྲིལ་པོའི་རང་བཞིན་བཅས་སྔར་བས་ཟབ་ཏུ་བཏང་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།

     ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་གསུངས་དོན། འདས་ཟིན་པའི་ལོ་50ཡི་རིང་། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ནས་ཕྱོགས་མང་རིང་ལུགས་དང་བརྟན་ལྷིང་གི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་འདོད་ཡོད།