ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཚོང་འདུས་ལ་ཞུགས་པའི་མི་གྲངས་དུས་མཚུངས་ལས་17.3%འཕར་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་08ཉིན། 09:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་ཚོང་འདུས(ཀོང་ཀྲོའུ་ཚོང་འདུས)སྐབས་137པའི་དྲ་ཕྱིའི་འགྲེམས་སྟོན་དེ་ཟླ་5ཚེས་5ཉིན་ཀོང་ཏུང་ཀོང་ཀྲོའུ་རུ་གྲུབ་འབྲས་ཐོབ་པའི་སྒོ་ནས་མཇུག་འགྲིལ་ཞིང་། གསར་འགོད་པས་ཀྲུང་གོ་ཕྱི་ཕྱོགས་ཉོ་ཚོང་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་5ཚེས་4ཉིན་བར། རྒྱལ་ཁབ་དང་ས་ཁུལ་219ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་288938ཚོང་འདུས་ལ་ཞུགས་པ་དེ་ན་ནིང་དཔྱིད་དུས་ཀྱི་དུས་མཚུངས་སུ་འཚོགས་པའི་ཀོང་ཀྲོའུ་ཚོང་འདུས(གཤམ་ལ་གཅིག་མཚུངས)སྐབས་135པ་ལས་17.3%འཕར་ཡོད། ས་གནས་ས་ཐོག་གི་ཕྱིར་གཏོང་འདོད་མོས་བྱུང་བའི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་254.4ཟིན་ནས་3%འཕར་ཡོད་པ་རེད།
ཀོང་ཀྲོའུ་ཚོང་འདུས་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཀྲུང་གོ་ཕྱི་ཕྱོགས་ཉོ་ཚོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲོའུ་ཧྲན་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་གསར་དར་ཁྲོམ་རའི་ཉོ་སྒྲུབ་ཚོང་པ་ནི་ཀོང་ཀྲོའུ་ཚོང་འདུས་ཀྱི་ཉོ་སྒྲུབ་ཚོང་པ་ཆེ་ཤོས་ཡིན་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་187450ཡོད་པ་དེ་17.4%འཕར་ནས་བསྡུར་ཚད་64.9%ཟིན་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་72417ཡོད་པ་དེ་24.1%འཕར་ཡོད། RCEP(《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》)ཁོངས་མིའི་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་64808ཡོད་པ་དེ་6.9%འཕར་བ། ཡོ་རོབ་དང་ཨ་མེ་རི་ཁའི་ཉོ་སྒྲུབ་ཚོང་པ་51862ཡོད་པ་དེ་3.4%འཕར་ཡོད།