འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་7ཉིན།

༄༅།།ཨ་རིས་འཛེམ་བག་མེད་པར་ཀྲུང་གོ་ཕྱོགས་ཀྱི་མི་སྣ་བསླུ་བྲིད་བྱེད་པའི་བྱ་སྤྱོད་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་07ཉིན། 14:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་5ཚེས་6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

    གསར་འགོད་པ་ཞིག་གིས་ཚེས་1ཉིན། ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་(CIA)ཀྱིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་རྒྱ་སྐད་ཀྱི་བརྙན་གཉིས་ཁྱབ་བསྒྲགས་བྱས་པ་དང་། CIAདཔོན་རིགས་ཀྱིས་བརྙན་དེའི་དམིགས་ཡུལ་ནི“ཀྲུང་གོའི་དཔོན་རིགས་བསྡུས་ནས་གསང་བ་རྐུ་འཕྲོག་བྱེད་ཆེད་ཡིན”ཞེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་འདྲ་སྤེལ་རྩིས་ཡོད་དམ།

     ལིན་ཅན་གྱིས་དུས་ཡུན་རིང་པོའི་ནང་། ཨ་རི་ཕྱོགས་ཀྱིས་ཐ་ཤལ་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱལ་ཁབ་གཞན་གྱི་གསང་བ་རྐུ་འཕྲོག་དང་། རྒྱལ་ཁབ་གཞན་གྱི་རྒྱལ་ནང་གི་ཆབ་སྲིད་ལ་ཐེ་གཏོགས་བྱེད་པ། རྒྱལ་ཁབ་གཞན་གྱི་སྲིད་དབང་རྩ་སློག་གཏོང་བ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱབ་འགལ་ཚབས་ཆེན་བྱས་ནས་རྒྱལ་སྤྱིའི་བདེ་འཇགས་དང་བརྟན་བརླིང་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་ཁྱབ་བསྒྲགས་བྱས་པའི་རྒྱ་སྐད་ཀྱི་བརྙན་དེ་ནི་དཔང་རྟགས་ཁུངས་བཙན་གྱི“རང་སྐྱོན་ངོས་ལེན་ཡི་གེ་”རེད།

     ཨ་རི་ཕྱོགས་ཀྱིས་ཀྲུང་གོར་བསམ་ངན་གྱིས་དམའ་འབེབས་བྱས་པ་མ་ཟད། ད་དུང་མངོན་སུམ་འཛེམ་མེད་དུ་ཀྲུང་གོ་ཕྱོགས་ཀྱི་མི་སྣ་སྐྱབས་བཅོལ་ཞུ་བར་སླུ་བྲིད་བྱས་ཡོད། ཐ་ན་མདུང་རྩེ་ཀྲུང་གོ་སྲིད་གཞུང་གི་དཔོན་རིགས་ལ་ཁ་གཏད་པ་འདི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོད་ཚབས་ཆེན་བྱས་པ་ཞིག་དང་། ཆབ་སྲིད་ཀྱི་འཁྲུག་སློང་བྱ་སྤྱོད་འབའ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་དེར་རྒོལ་གཏམ་དྲག་པོ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་རྒྱལ་ཁོངས་ཕྱིར་ཀྲུང་གོར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཀྱི་སིམ་འཛུལ་གཏོར་བཤིག་བྱེད་སྒོར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།