འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་7ཉིན།

༄༅།།ཉི་མས་བརྗོད་དོན། དོག་སྡེའི་ཕུ་རུ་སྔོ་ལྗང་རྩི་ཤིང་གིས་ཁེངས་པ་བྱེད་ཀྱི་ཡིན།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕན་དབྱི་ཅིང་དང་། ཅང་ཧྥན། ཕུར་བུ་ཚེ་རིང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་07ཉིན། 11:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉིན་གུང་གི་རྣམ་པར་འཕྲོ་བའི་ཉི་འོད་ལས་ས་མཐོའི་གྲང་ངར་རྦད་དེ་སེལ་བས། བོད་ལྕང་གི་ལོ་མ་དལ་བུར་རྒྱས་ཏེ་དོག་སྡེ་ཕུའི་རི་ལྡེབས་སུ་སྔོ་ལྗང་ལྗོན་ཤིང་གིས་རབ་ཏུ་བརྒྱན། ལམ་བར་དུ་དོག་སྡེའི་ཕུ་རུ་ཉི་མ་དང་ཡུལ་མི་འགའ་ཞིག་གིས་ཆུ་ལམ་གཤོང་བཞིན་འདུག

འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོ་ཡིན་པ་དང་། དེ་སྔ་བྱེ་རླུང་གི་གནོད་འཚེ་ཕོག་མྱོང་ཡང་ད་ཆ་ལྷ་སའི“ལྡུམ་ར་རྒྱབ་མ”དང་གྲོང་མི་དང་ཡུལ་སྐོར་བ་རྣམས་གྲོང་ཁྱེར་ཕྱི་རོལ་དུ་སྤྲོ་གསེང་གཏོང་སའི་གནས་གྲགས་ཅན་ཞིག་ཏུ་གྱུར་ཡོད།

“ད་ལྟ་སྨད་རྒྱུད་དུ་ཞིང་ལས་ལ་ཆུ་སྤྱོད་དགོས་པས། ངེས་པར་དུ་མགྱོགས་མྱུར་ཆུ་ལམ་གཤོང་དགོས”ཞེས་དངུལ་དཔར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཉི་མས་བརྗོད་པ་དང་། ཁོང་དང་ཡུལ་མི་ཚོས་བྱ་སྤྱོད་མགྱོགས་པོས་དེ་གར་སྤུངས་པའི་བྱེ་འདམ་དག་ལྕགས་ཁྱེམ་ལ་བརྟེན་ནས་གཙང་མ་བཤངས་ཏེ་སྟབས་བདེ་ལ་གལ་འགངས་ཤིན་ཏུ་ཆེ་བའི་ཆུ་ལམ་ཞིག་བསྐྲུན་ཡོད།

ཆར་དུས་སུ་ཉི་མས་སྣེ་ཁྲིད་ནས་ཆུ་ཚོད་24ཡི་རིང་རེས་མོས་སྐོར་ཞིབ་དང་། ཆུའི་གནས་ཚུལ་ལ་ལྟ་ཞིབ། འཕྲལ་སྡོམ་སྦྱོང་བརྡར་བཅས་བྱེད་པ་དང་། ཐན་དུས་སུ་ཁོང་གིས་ཚང་མའི་སྣེ་ཁྲིད་དེ་འདམ་རྫབ་གཙང་སེལ་དང་ཆུ་ཡུར་བཟོས་ནས་ཞིང་ལས་ཀྱི་སྲོག་རྩ་སྲུང་བཞིན་ཡོད། 2017ལོ་ནས་བཟུང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ཚུན། ཉི་མའི་རྐང་རྗེས་དོག་སྡེ་ཕུའི་རི་ཀླུང་གང་སར་བཞག་ཡོད། མུ་འབྲེལ་ནས་ཆགས་པའི་མིས་བཟོས་ནགས་ཚལ་དེ་ནི་ཁོང་གིས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་ལྗང་མདོག་ཁྱིམ་གཞིས་བསྐྲུན་པའི་དཔང་པོ་ཞིག་དེ་བས་ཀྱང་རེད།

“དེ་སྔོན་ང་ཚོའི་ས་ཆ་འདི་གར་བྱེ་རླུང་དྲག་པོ་ལྡང་གི་ཡོད”ཅེས་ཡུལ་མི་སྐལ་བཟང་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་ལས་ཀ་བྱེད་མཚམས་བཞག་ནས་དཔྲལ་བའི་རྔུལ་ཆུ་འབྱིད་བཞིན“ད་ཆ་རླུང་བུ་ལྡང་སྐབས་ལྕང་ལྕུག་ལིང་ལིང་གཡོ་བཞིན་ཡོད། ལྕང་མ་དེ་ཚོ་ཚང་མ་ཧྲུའུ་ཅིས་ང་ཚོའི་སྣེ་ཁྲིད་ནས་བཏབ་པ་ཤ་སྟག་རེད”ཅེས་བརྗོད།

ཧ་ལམ་ལོ་10ཡི་གོང་། ཉི་མས་ཡུལ་མིའི་སྣེ་ཁྲིད་ནས་ལྗོན་ཤིང་འདེབས་འགོ་ཚུགས་ཤིང་། གལ་ཆེ་ཤོས་ནི་ས་རྒྱུའི་ཁྱད་པར་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཤིང་སོན་འདེམས་རྒྱུ་དེ་ཡིན་པ་དང་། བྱེ་འགྱུར་ས་ཆར་གླ་ཚེར་བཏབ་ནས་བྱེ་མ་འཇགས་ཐབས་བྱེད་པ་དང་། གྱེན་མ་གསེག་ཏུ་བོད་ལྕང་བཏབ་ནས་ཆུ་རྩ་གསོ་འཁྱོངས་བྱེད་པ། གྲོང་ཚོའི་ལམ་གྱི་གཞོགས་གཉིས་སུ་མེ་ཏོག་དང་རྩི་ཤིང་བཏབ་ནས་ཡུལ་ལྗོངས་མཛེས་སུ་གཏོང་བ་བཅས་བྱེད་ཀྱི་ཡོད། འབྲོག་པ་རྣམས་སྐྱས་སྤོས་ནགས་གསོའི་ནང་ཞུགས་པར་གོ་སྐོན་སློབ་གསོ་གཏོང་ཆེད། ཁོང་གིས་ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་ལག་རྩལ་པ་ཁྲིད་དེ་ཁྱིམ་ཚང་རེ་རེ་བཞིན་དུ“སྐྱེ་ཁམས་ཀྱི་རྩིས”རྒྱག་པར་བསྐྱོད་ནས། “སྔོ་འགྱུར་གྱིས་ས་རྒྱུ་བརྟན་དུ་གཏོང་ཐུབ་པ་མ་ཟད། ཡུལ་ལྗོངས་ཀྱང་མཛེས་སུ་གཏོང་ཐུབ། ལྗོན་ཤིང་འཛུགས་པའི་དྲིན་གྱིས་མི་རབས་གསུམ་བསྐྱངས་ཐུབ”ཅེས་བརྗོད་པ་དང་། དངུལ་དཔར་གྲོང་ཚོའི་སྐྱས་སྤོས་ཁུལ་དེ་མཉམ་སྡེབ་ནགས་རར་བསྒྱུར་ནས་གྲོང་ཚོ་ཡོངས་ཀྱི་ནགས་རའི་རྒྱ་ཁྱོན་ལོ་10ཡི་གོང་གི་མུའུ་400ལྷག་ཙམ་ནས་ད་ཆའི་མུའུ་1800ལྷག་ཙམ་བར་རྒྱ་ཆེར་ཕྱིན་ཡོད།

ཕྱུགས་མ་འཚོས་ན་འབྲོག་པ་རྣམས་གང་ལ་བརྟེན་ནས་འཚོ་ཐབས་བྱེད་དགོས་སམ། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་དང་། ཁྲེང་ཀོན་ཆུས་སྲིད་གཞུང་། དོག་སྡེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས། ཉི་མས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་དེ་འབྲོག་པ་རྣམས་ལ་ལས་ཞུགས་རྣམ་པ་བསྒྱུར་བའི་ཐབས་ལམ་ཞིག་བཏོད་ནས། ཁོང་ཚོར་འཚོ་བའི་ལེའུ་གསར་པ་ཞིག་འབྱེད་པར་རོགས་རམ་བྱས་ཡོད། དེ་དང་ཆབས་ཅིག་ཞིང་དུད་སྤྲོ་སྐྱིད་ཁང་དང་དམངས་སྲོལ་གནས་ཚང་སོགས་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཡུལ་མིར་ཡོང་འབབ་གཏོད་རོགས་བྱས་པས། ཡུལ་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ་ལོ་10ཡི་གོང་གི་སྒོར་7900ནས་ད་ཆའི་སྒོར་36800ལྷག་ཙམ་བར་མང་དུ་ཕྱིན་ཡོད།

ཉི་མའི་གཞུང་ལས་ཁང་གི་སྒྲོག་རྩེའི་ཐོག་དཔྱད་གཞིའི་ཡིག་ཆ་མང་དག་ཅིག་སྤུངས་ཡོད་པ་དང་། ཁོང་གིས་བོད་རིགས་ཀྱི་སྲོལ་རྒྱུན་རྩམ་པ་ཆུ་འཐག་ཁང་སླར་གསོ་བྱས་ནས་ཡུལ་སྐོར་བ་རྣམས་ལ་རྩམ་འཐག་གི་གནའ་བོའི་བཟོ་རྩལ་ཉམས་ལེན་བྱེད་དུ་འཇུག་རྒྱུའི་འཆར་འགོད་བྱེད་བཞིན་ཡོད། གཞུང་ལས་ཁང་གི་གྱང་སྟེང་དུ་གཟེངས་བསྟོད་ལག་ཁྱེར་མང་པོ་བཀལ་ཡོད་པ་དང་། ཁོང་ཡང་2025ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བར་བདམས་ཡོད།

“གཞི་རིམ་གྱི་ལས་བྱེད་པ་ནི་གཉེར་པ་ཆེན་པོ་ཞིག་དང་འདྲ་ཞིང་། ལས་ཀ་ཙག་ཙིག་བྱེད་དགོས་པའི་ཁར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང”ཞེས་ཉི་མས་གད་མོ་དགོད་ཀྱིན་བརྗོད། དངུལ་དཔར་གྲོང་ཚོར། ཉི་མའི་ཐོབ་ཐང་དེ་དགོས་མཁོ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་དེ། ཁྱིམ་མཚེས་དབར་གྱི་རྩོད་གཞི་འདུམ་འགྲིག་བྱེད་མཁན་དང་། ཁེར་རྐྱང་དུ་ལུས་པའི་རྒན་རྒོན་ལ་དྲོད་ལེན་དངོས་ཟོག་སྐྱེལ་མཁན། ཆུ་གློག་བཟོ་པ། གྲོང་ཚོའི་སྦྲག་སྐྱེལ་བ། འཕྲོད་བསྟེན་དྲིལ་བསྒྲགས་པ། ཡུལ་སྐོར་བྱེད་མཁན་མང་བའི་ནམ་དུས་སུ་ཡུལ་སྐོར་བར་བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་ལོ་རྒྱུས་ཤོད་མཁན་སོགས་གང་དུ་དགོས་མཁོ་ཡོད་ན་དེ་གར་ཁོང་སླེབས་ཀྱི་ཡོད།

དངུལ་དཔར་གྲོང་ཚོའི་མི་འབོར་སྐོར་འདྲི་སྐབས། ཉི་མས“དུད་ཚང་513ལ་ཁྱོན་མི་1725ཡོད”ཅེས་ལམ་སེང་བརྗོད་པ་དང་། ས་སྐྱེས་རྡོ་སྐྱེས་ཀྱི“དོག་སྡེ་བ”འདིས་གྲངས་ཀ་དེ་དག་ནི་ཁྱིམ་རྒྱུད་ཀྱི་གདུང་རབས་ཇི་བཞིན་བློ་ལ་བརྟན་པོར་ངེས་ཤིང་། ཁོང་གིས། ངའི་ངོས་ནས་བརྗོད་ན་ཡུལ་མི་ཚང་མ་ནང་མི་དང་གཅིག་མཚུངས་ཡིན་ཞེས་བརྗོད།

(པ་ཚེ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)