གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 11:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་ཟླ་5ཚེས་17ནས་20ཉིན་བར་གཉེར་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད། ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་ལ“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་དམིགས་ཡུལ་ནི“རིག་གནས་དང་། ཡུལ་སྐོར། ཐོན་ལས་བཅས་ཟུང་འབྲེལ”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ལྷ་ས་འདི་ཉིད་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་དུ་བསྐྲུན་པར་རམ་འདེགས་བྱེད་པ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་ཤིང་། ཟླ་5ཚེས་17ཉིན་གྱི་དགོང་མོར“སེམས་མཐུན་ལྷ་ས”ཞེས་པའི་ཆེད་དོན་བྱེད་སྒོར་དབྱིངས་ཞུགས་རྣམ་པའི་ལྟ་ཉན་ལ་བརྟེན་ནས་ལྷ་སའི་མི་ཆོས་རིག་གནས་དང་དུས་རབས་ཀྱི་གསོན་ཤུགས་མངོན་པར་བྱ་རྒྱུ་དང་། ཟླ་5ཚེས་18ཉིན་གྱི་སྔ་དྲོར་འགོ་ཚུགས་མཛད་སྒོ་དང་ལྷ་ས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་ནས《ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་དུ་བསྐྲུན་པའི(2025ལོ་ནས་2030ལོའི་བར)》འཆར་འགོད་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ། ཡུལ་སྐོར་ཚོང་པའི་ཚོགས་ཆེན་དང་རིག་གནས་དང་ཡུལ་སྐོར་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོག་རྒྱུ། ཟླ་5ཚེས་19ཉིན་ཀྲུང་གོའི་ཡུལ་སྐོར་ཉིན་མོ་དང“གནམ་མཚོ་ཕྱུག་མོའི་དར་ཁ་ཕྱེ་བའི་ཉིན་མོར”དམངས་སྲོལ་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་འབྲེལ་བྱས་ཏེ་ཆུ་ལེན་མཛད་སྒོ་དང་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ། དེ་ཉིན་དགོང་མོར་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》སྐྱིད་ཆུའི་འགྲམ་ངོགས་སུ་འཁྲབ་སྟོན་བྱས་ནས་མི་རིགས་ཀྱི་རིག་གནས་མཉམ་འདྲེས་མངོན་པར་བྱེད་རྒྱུ་རེད།