དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧོ་ཅན་མིང་།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 10:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
“ལྔ་གཅིག”གུང་གསེང་རིང་། ཁྲོམ་རར་རེས་སྐོར་གསར་པའི་གཅིག་སྡུད་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་ཡོད། “ལྔ་གཅིག”གུང་གསེང་རིང་གི་དམངས་འཚོའི་ཚོང་ཟོག་མཁོ་སྤྲོད་ལ་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཁོངས་གཏོགས་ཀྱིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་གྱིས་མཁོ་སྤྲོད་འགན་ལེན་གྱི་སྣ་འདུས་ཐབས་བཟང་སྤྱད་དེ་ཁྲོམ་རའི་མཁོ་སྤྲོད་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཤ་ཚལ་སྒོང་གསུམ་དང་ཤིང་འབྲས་སོགས་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་ཁྲོམ་རའི་གཏོང་འདྲེན་མཁོ་སྤྲོད་དང་རིན་གོང་འགྱུར་ལྡོག་ལ་ལྟ་ཞིབ་ཡག་པོ་བྱས་ནས། གྲོང་མི་མང་ཚོགས་ཀྱི་ཤ་ཚལ་སྒོང་གསུམ་དང་། ཟ་འབྲུ། ཤིང་འབྲས་བཅས་ཀྱི་འབོར་ཚད་འདང་ངེས་དང་། སྤུས་ཚད་ལེགས་པ། རིན་གོང་བརྟན་པོ་བཅས་ཡོང་བར་བྱས་པ་རེད།
ལྷ་ས་གྲོང་ཁྱེར་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རར་ཧ་ཅང་འཁྲུག་ཆ་དོད་ཅིང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.7ཟིན་པའི་དེང་རབས་ཅན་གྱི་ཁྲོམ་ར་དེ་སྔོ་ཚལ་དང་། ཤ་སོས་པ། ཆུ་ཐོན་དངོས་རྫས་སོགས་ལས་རྣམ་ས་ཁོངས་14ལ་ཕྱེ་ཡོད་པ་དང་ཚོང་དུད་277གྱི་ཁྲོམ་བཀྱག་ཐོག་ཞིང་ཞོར་ཐོན་རྫས་སྣ་ཚོགས་བཏོན་ཡོད་པ་རེད།
སྔོ་ཚལ་ཁྲོམ་བཀྱག་གི་སྦྱིན་བདག་ཝང་ཡིའུ་ཅུན་གྱིས་ཉོས་མ་ཐག་པའི་སྔོ་ཚལ་སྒྲིག་གཤོམ་བྱེད་བཞིན་ཡོད་ཅིང་། ཝང་ཡིའུ་ཅུན་གྱིས“ངའི་ཁྲོམ་བཀྱག་ཆེན་པོ་མེད་ཀྱང་སྔོ་ཚལ་རིགས་བརྒྱ་ཙམ་ཡོད་པ་དང་ཡུལ་འདི་གའི་སྔོ་ཚལ་གྱིས་བཅུ་ཆ་བདུན་བཟུང་ཡོད། བོད་ལྗོངས་ཀྱིས་སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་བསྟུན་ནས། ཡུལ་འདི་གའི་སྔོ་ཚལ་དེ་བས་མང་བ་ཁྲོམ་རར་ཐད་ཀར་མཁོ་སྤྲོད་ཐུབ་ཀྱི་ཡོད”ཅེས་བརྗོད།
བོད་ལྗོངས་ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་གྲུབ་ཆར་འགྱུར་ལྡོག་བྱུང་བ་དེ་གྲངས་འབོར་བརྟན་པོའི་ངང་འཕར་བ་ལས་མངོན་པ་མ་ཟད། སྤུས་ཚད་ལེགས་སུ་ཕྱིན་པ་ལས་ཀྱང་མངོན་ཡོད། གུང་གསེང་རིང་བོད་ལྗོངས་ལུའེ་ཀྲི་ཡོན་དེང་རབས་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་ཉིན་ལྟར་ཡུལ་འདི་གའི་ཁྲོམ་རར་སྐྱེ་ལྡན་སྔོ་ཚལ་རྒྱ་མ་1500མཁོ་འདོན་བྱེད་ཀྱི་ཡོད། ཀུང་སི་དེའི་བྱ་གཞག་པུའུ་ཡི་སྤྱི་ཁྱབ་ཅིང་ལི་ཡུས་དབྱིང་གིས“སྔོ་ཚལ་འདེབས་པ་ནས་འཐུ་བ་དང་ཁྲོམ་རར་འཚོང་བའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ང་ཚོས་སྐྱེ་ལྡན་འདེབས་འཛུགས་ཀྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ་འཛད་སྤྱོད་པར་བློ་བདེ་པོའི་ངང་ཟ་རྒྱུ་ཡོང་བ་བྱེད་ཀྱི་ཡོད”ཅེས་བརྗོད།
ཚལ་ཞིང་ནས་གསོལ་ལྕོག་བར་གྱི་འཁོར་འབྲེལ་ཧྲིལ་པོའི་འགན་སྲུང་མ་ལག་འཛུགས་ཆེད། གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རས་ཚན་རྩལ་གྱི་ནུས་སྤྲོད་ལ་བརྟེན་ནས་ཁྲོམ་རར་རིག་ནུས་ལྡན་པར་བྱས་ཡོད། ཁྲོམ་རའི་འགན་འཁུར་བ་བསྟན་འཛིན་གཡུ་སྒྲོན་གྱིས“ཁུངས་འདེད་གློག་གི་རྒྱ་མ་དང་རིག་ལྡན་ཆ་འཕྲིན་འཆར་ཤེལ་སོགས་སྒྲིག་ཆས་གཅིག་གྱུར་བཀོད་སྒྲིག་བྱས་པ་བརྒྱུད། ཚོང་ཟོག་གི་རིན་གོང་དང་། ཞིབ་དཔྱད་ཚད་ལེན་བྱས་འབྲས། ཉོ་ཚོང་གྲངས་གཞི་བཅས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་པས་གྲངས་འཛིན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་སྟེ་འཛད་སྤྱོད་པ་བློ་བདེ་པོས་ཉོ་སྒྲུབ་བྱེད་ཆོག་གི་ཡོད”ཅེས་བརྗོད།
“མིག་སྔར་ལྗོངས་ཡོངས་སུ་སྲིད་གཞུང་གིས་གྲབས་གསོག་བྱས་པའི་ཤ་དང་མཐའ་ཁུལ་འཚོང་ཇ་འདང་ངེས་ཡོད་པས་དུས་ཆེན་རིང་གི་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཁྲོམ་ར་འཁོར་སྐྱོད་སྙོམ་སྒྲིག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སྐལ་བཟང་རྡོ་རྗེས་བརྗོད་པ་རེད།
(ལྷག་ཚེས་བསྒྱུར། སྐལ་མཆོག་གིས་ཞུས)