འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་7ཉིན།

༄༅།།བྱེད་ཐབས་དོན་ཚན་བཅུ་བདུན་བཏོན་ནས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ།

གཞུང་ཁོངས་ཁེ་ལས་ཀྱི་མི་སྣ་མང་དུ་དང་གླ་ཆ་སྤོར་བའི་སྲིད་ཇུས་སང་ལོའི་ལོ་མཇུག་བར་རྒྱུན་མཐུད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་07ཉིན། 09:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མི་སྤྱི་པུའུ་དང་། སློབ་གསོ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་ཉེ་ཆར《2025ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་བཀྲམ་ནས་སྲིད་ཇུས་བྱེད་ཐབས་དོན་ཚན་17བཏོན་ཏེ་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    བརྡ་ཐོའི་ནང་ཁ་གསལ་བཏོན་དོན། སྤྱི་ཚོགས་རྩ་འཛུགས་ཀྱིས་ཆ་རྐྱེན་དང་མཐུན་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་བསྡུ་སྤྱོད་བྱེད་སྐབས་གཏན་འབེབས་ལྟར་ཁེ་ལས་ལ་དཔེ་བལྟས་ནས་ཐེངས་གཅིག་རང་གི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དེ་2025ལོའི་ཟླ་12ཚེས་31ཉིན་བར་ལག་བསྟར་བྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་མི་སྣ་མང་དུ་དང་གླ་ཆ་སྤོར་བའི་སྲིད་ཇུས་དེ་2026ལོའི་ཟླ་12ཚེས་31ཉིན་བར་རྒྱུན་མཐུད་ལག་བསྟར་བྱ་རྒྱུ་རེད།

    བརྡ་ཐོའི་ནང་ནན་བཤད་བྱས་དོན། ལས་ཞུགས་ནུས་པ་ཆེ་རུ་གཏོང་བའི“སྟོང་གཉིས”ཀྱི་འཆར་གཞི་ལག་བསྟར་བྱས་ཏེ་རྒྱལ་ཡོངས་ཀྱི་མཐོ་སློབ་ཏུ“ཆེད་ལས་ཆུང་ངུ”1000དང་ལས་རིགས་ནུས་པ་གསོ་སྦྱོང་སློབ་ཚན་1000འཛུགས་དགོས། གཞོན་ནུའི་ལས་འཚོལ་ནུས་པའི་དངོས་སྦྱོང་སྒར་ས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཉམས་ལེན་བྱེད་སྒོ་སྤེལ་བ་དང་སློབ་ཚན་སློབ་ཁྲིད་བྱས་ཏེ་ལས་འཚོལ་ནུས་པ་ཆེ་རུ་གཏོང་དགོས། གཞོན་ནུ་ཁྲི་བརྒྱ་ཡི་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱས་ཏེ། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་རྩལ་ནུས་གསོ་སྦྱོང་ནང་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་བ་དང་ལས་ཞུགས་སྦྱོང་བརྡར་ལས་གནས་ཁྲི་བརྒྱ་བསྡུ་རུབ་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས་ཁེ་ལས་དང་ཚན་ཞིབ་ཁང་སོགས་བྱ་གཞག་ཚན་པར་ཕྱོགས་ནས་ཚན་ཞིབ་དང་། ལག་རྩལ། དོ་དམ་བཅས་རིགས་ཀྱི་ལས་གནས་གསར་སྤེལ་བྱེད་དགོས།

     བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་དེ་གའི་དྲ་ཐོག་དང་དྲ་ཕྱིའི་རོགས་སྐྱོར་ཐབས་ལམ་ཤར་གཏོང་བྱས་ཏེ་ལས་ཤོར་གཞོན་ནུས་ཐེམ་ཐོ་གནས་ཡུལ་དང་། རྒྱུན་སྡོད་ཁུལ། ལས་ཀ་འཚོལ་ཡུལ་བཅས་སུ་ལས་འཚོལ་ཐོ་འགོད་བྱེད་དགོས། ས་གནས་གཞན་དུ་ལས་ཀ་འཚོལ་མཁན་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་དང་གཞོན་ནུའི་ལས་ཞུགས་ས་ཚིགས་ཁག་གཅིག་བསྐྲུན་ནས་ས་གནས་གཞན་དུ་ལས་ཀ་འཚོལ་བའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚོར་སྲིད་ཇུས་གསལ་འགྲེལ་དང་། ལས་རིགས་མཛུབ་ཁྲིད། ལས་བསྡུའི་ཆ་འཕྲིན་སོགས་ཀྱི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་དགོས།