གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 09:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཞ་མོན་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་2025ལོའི་སུའུ་ཏི་མན་བུམ་པའི་འཛམ་གླིང་བྱ་སྒྲོ་སྤོ་ལོའི་མཉམ་བསྲེས་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་ཧྥུའུ་ཅན་ཞ་མོན་དུ་མཇུག་འགྲིལ་བ་རེད། ཀྲུང་གོའི་རུ་ཁག་གིས་3:1གི་སྤྱིའི་བསྡུར་གྲངས་ཐོག་ནས་ཧན་གོའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བསྟུད་མར་ཐེངས་བཞི་བླངས་ཤིང་། དེ་ནི་ཀྲུང་གོའི་རུ་ཁག་འགྲན་བསྡུར་ནང་ཞུགས་ཚུན་དུ་བླངས་པའི་སུའུ་ཏི་མན་བུམ་པ་ལེན་ཐེངས་བཅུ་བཞི་པ་རེད།
ཐེངས་འདིའི་འགྲན་བསྡུར་ནི་ཀྲུང་གོའི་རུ་ཁག་སུའུ་ཏི་མན་བུམ་པའི་མཐའ་བསྡུར་ནང་བསྟུད་མར་ཚུད་ཐེངས་བཅུ་དྲུག་པ་ཡིན་ལ། ཀྲུང་གོ་དང་ཧན་གོའི་རུ་ཁག་གཉིས་མཐའ་བསྡུར་ནང་འཕྲད་ཐེངས་བདུན་པའང་རེད། འགྲན་བསྡུར་དང་པོའི་མཉམ་བསྲེས་ཆ་རྒྱག་ཁྲོད། ཧྥེང་ཡན་ཀྲེ་དང་ཧོང་ཏུང་ཕིང་གིས་2:1གི་བསྡུར་གྲངས་ཐོག་ནས་ཧན་གོའི་རུ་ཁག་གི་ཞུས་ཁྲེང་ཙའེ་དང་ཚའེ་ཡིའུ་ཏིང་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོའི་རུ་ཁག་གི་འགོ་ཡག་པོ་ཞིག་བཙུགས་པ་རེད། འགྲན་བསྡུར་གཉིས་པའི་བུད་མེད་རྐྱང་རྒྱག་ཁྲོད། ཀྲུང་གོའི་རུ་ཁག་གི་ཝང་ཀྲི་དབྱི་0:2ཀྱི་བསྡུར་གྲངས་ཐོག་ནས་ཧན་གོའི་རུ་ཁག་གི་ཨན་ཤིས་དབྱིང་ལ་ཕམ་ཡོད། འགྲན་བསྡུར་གསུམ་པའི་སྐྱེས་པའི་རྐྱང་རྒྱག་ཁྲོད། ཧྲི་ཡུས་ཆིས་འགྲན་དུམ་གཉིས་ལ་འགྲན་ཡ་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་རུ་ཁག་ལ་རྒྱལ་ཁ་ཐོབ་རྒྱུར་རྨང་གཞི་བཏིང་ཡོད། འགྲན་བསྡུར་བཞི་པའི་བུད་མེད་ཀྱི་ཆ་རྒྱག་ཁྲོད། ལིའུ་ཧྲེང་ཧྲུའུ་དང་ཐན་ཉིང་གིས་2:0གྱི་བསྡུར་གྲངས་ཐོག་ནས་ཧན་གོའི་རུ་ཁག་གི་པའེ་ཧོ་ནཱ་དང་ལི་ཧྲའོ་ཞི་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོའི་རུ་ཁག་གིས་མཐའ་མའི་རྒྱལ་ཁ་བླངས་པ་རེད།