—— མཚོ་སྔོན་རྨ་ལྷོའི“ལྔ་གཅིག”གུང་གསེང་རིང་གི་མཐོང་ཐོས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་06ཉིན། 13:33】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤེ་ཐུང་ཆང་།
“ལྔ་གཅིག”གུང་གསེང་སྐབས་མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་ནས། རྨ་ཆུའི་ངོགས་གཉིས་སུ་ལིའི་མེ་ཏོག་དང་ཁམ་བུའི་མེ་ཏོག་གཅིག་ལ་གཅིག་འགྲན་ངང་བཞད།
འདི་ལོའི་ཟླ་4པར། རྨ་ལྷོ་ཀྲོའུ་རུ་གནས་པའི་མཚོ་སྔོན་ཁམས་རར་མཉམ་འབྲེལ་རྒྱལ་ཚོཌ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུཌ་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་ཆོག་མཆན་དངོས་སུ་ཐོབ་ཡོད་ཅིང་། “ལྔ་གཅིག”གུང་གསེང་རིང་། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གིས་ཡུལ་སྐོར་བ་མང་པོ་ཞིག་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
“ཁམས་རར་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཚན་སྙན་ཐོབ་པ་གོ་ཐོས་བྱུང་བས། ང་དང་ནང་མི་ཚོ་ཆེད་མངགས་ཁྲུང་ཆིང་ནས་མྱོང་རོལ་དང་ཡུལ་སྐོར་ལ་ཡོང་བ་ཡིན”ཞེས་ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་ཧྲུའུ་ཧྲུའུ་ཡིས་བཤད། རྗེས་སུ་ཁོང་ཚོ་མུ་མཐུད་གཅན་ཚ་རྫོང་དུ་དེ་གའི་རྨ་ཆུའི་མཛེས་པ་མྱོང་རོལ་བྱེད་པར་སྐྱོད་རྩིས་ཡོད་པ་རེད།
རྨ་ཆུའི་ངོགས་སུ་གནས་པའི་རྨ་ལྷོ་ཀྲོའུ་གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་གྲོང་ཚོར་གནའ་ཉམས་ཀྱིས་ཕྱུག་པའི་བོད་བཟོའི་གྲོང་མིའི་སྡོད་ཁང་གྲལ་སྟར་འགྲིག་པོར་གནས་ཤིང་། ཉེ་བའི་ལོ་ཤས་རིང་། རི་སྔོན་ཆུ་དྭངས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་བརྒྱུད། བདེ་སྐྱིད་གྲོང་ཚོ་འདི་ཉིད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་ཚོ་ནས་ཡུལ་སྐོར་གྲོང་ཚོ་གྲགས་ཅན་ཞིག་ཏུ་གྱུར་ཡོད།
བདེ་སྐྱིད་གྲོང་ཚོའི་དབྱངས་ཅན་ཞིང་ཁྱིམ་སྤྲོ་ཁང་དུ་སྦྱིན་བདག་གཅོད་པ་སྐྱབས་དང་མ་བྱན་གྱིས་ཡུལ་སྐོར་བ་ཚོར་དགུང་ཟས་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ཞིང་ཁྱིམ་སྤྲོ་ཁང་གི་ཁྱད་ལྡན་ཞིམ་ཟས“ལུག་ཤ་རྩིབ་བཀྲག”ལ་ཡུལ་གཞན་གྱི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། མེ་ཏོག་གི་དྲི་ཞིམ་དང་ཞིམ་ཟས་ཀྱི་དྲི་ཞིམ་སྒོ་རའི་ཕྱི་ནང་གང་སར་འཐུལ་བཞིན་མཆིས།
“ད་ཆ་ཁྱིམ་དུ་གློག་ཆས་སྣ་ཚོགས་ཡོད་ལ། ཁྱིམ་ཚང་ཚང་མའི་ཐོག་ཁར་ཡང་འོད་ཤུགས་པང་ལེབ་བསྒར་ཡོད་པས། གྲོང་ཚོར་དངོས་གནས་ལོ་རེ་བཞིན་འགྱུར་ལྡོག་མང་པོ་འགྲོ་བཞིན་འདུག”ཅེས་གཅོད་པ་སྐྱབས་ཀྱིས་བཤད་པ་དང་། ཁོང་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད། 2024ལོར་ཞིང་ཁྱིམ་སྤྲོ་ཁང་ལ་ཡོང་འབབ་སྒོར་ཁྲི་7བྱུང་བ་དང་ཡུལ་སྐོར་བ་མི་ཐེངས་370ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་ཅེས་བཤད།
ཟླ་4པ་ནས་བཟུང་དཔྱིད་དཔལ་དང་མེ་ཏོག་གི་མཛེས་པ་མྱོང་རོལ་ལ་སྐྱོད་རྒྱུ་དེ་ཡུལ་སྐོར་བ་མང་པོ་ཞིག་མཚོ་སྔོན་དུ་ཡུལ་སྐོར་ལ་བསྐྱོད་པའི་གདམ་ག་གཙོ་བོར་གྱུར་ཡོད།
མིག་སྔར་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་བསྟུན་ནས་རྨ་ལྷོ་ཀྲོའུ་ཡིས་རིམ་བཞིན“རྨ་ཆུའི་ཡུལ་སྲོལ་ཡུལ་སྐོར་དང་། ས་མཐོའི་ལུས་གསོ་ཡུལ་སྐོར། གྲོང་གསེབ་ཉམས་ལེན་ཡུལ་སྐོར། རིག་གནས་འཚོལ་བསྡུའི་ཡུལ་སྐོར། སྐྱེ་ཁམས་ལྗོངས་གཟིགས་ཡུལ་སྐོར”སོགས་སྣ་མང་ཅན་གྱི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་བཏོད་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་བ་དེས་ས་གནས་དེ་གའི་གྲོང་མི་ཚོར“ཡུལ་སྐོར་གྱི་ཡོང་འབབ”བཏོད་པ་མ་ཟད། གཅན་ཚའི་མདའ་སྟོན་སོགས་མངོན་མིན་རིག་གནས་ཤུལ་བཞག་དག་ལའང་ངོམ་སྟོན་བྱེད་སའི་སྐར་ཁུང་བཏོད་ནས། ཡུལ་སྐོར་བ་ཚོས་ཕྱོགས་མང་པོ་ནས་ས་མཐོའི་ཡུལ་ལྗོངས་མྱོང་རོལ་ཐུབ་པར་བྱས་ཡོད།
(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)