འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་6ཉིན།

༄༅།།བགྲང་བྱ་སོ་དྲུག་ས་མཐོར་བཞུད། གློག་བརྙན་ཕོ་ཉའི་གཟུགས་བརྙན་བརྗིད།

—— རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་འཐོབ་མཁན་ཞུས་གོ་ཆང་ལ་རྗེས་དྲན་ཞུས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་06ཉིན། 13:31】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ནི་ཞུས་གོ་ཆང་འཚོ་བཞུགས་སྐབས་གློག་བརྙན་སྟོན་པར་སྐྱོད་སའི་ལམ་བར་དུ་ངལ་གསོ་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་མཁོ་འདོན་བྱས) (དཔྱད་གཞིའི་པར་རིས)

འདི་ནི་ཞུས་གོ་ཆང་འཚོ་བཞུགས་སྐབས་གློག་བརྙན་སྟོན་པར་སྐྱོད་སའི་ལམ་བར་དུ་ངལ་གསོ་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་མཁོ་འདོན་བྱས) (དཔྱད་གཞིའི་པར་རིས)

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། པད་མ་དབྱངས་མཚོ། ཝང་ཙི་ཧན།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་གྲོང་གསེབ་ཀྱི་རི་ལམ་ཀྱག་ཀྱོག་ཏུ་རླངས་འཁོར་དམར་པོ་ཞིག་དལ་གྱིས་སྐྱོད་བཞིན་ཡོད། དེ་ནི་གློག་བརྙན་སྟོན་མཁན་ཞུས་གོ་ཆང་འཚོ་བཞུགས་སྐབས་ཀྱི་བརྙན་སྟོན་རླངས་འཁོར་རེད། ད་ཆ་ཁོང་གི་བུ་ཞུས་ཀྲེང་ཏུང་གིས་རླངས་འཁོར་གྱི་ཁ་སྒྱུར་བཟུང་ནས་ཕས་ཐེངས་མང་བསྐྱོད་མྱོང་བའི་ལམ་དུ་མུ་མཐུད་བསྐྱོད་དེ། གློག་བརྙན་སྟོན་པའི་བྱ་གཞག་དེའི་རྒྱུན་སྐྱོང་བཞིན་ཡོད།

2024ལོའི་ཟླ་11ཚེས་21ཉིན་ལོ་57ལ་སླེབས་པའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་འཐོབ་མཁན་ཞུས་གོ་ཆང་གློ་བུར་དུ་སྙིང་གི་ཁྲག་རྩ་འགགས་ནས་གློག་བརྙན་སྟོན་སར་གྲོངས་པ་རེད།

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་གསེར་ཆེན་རྫོང་ས་རྒྱ་ཆེ་ཡང་མི་འབོར་ཉུང་བས། གློག་བརྙན་ལྟ་རྒྱུ་ནི་འབྲོག་པ་ཚོའི་ངོས་ནས་བརྗོད་ཚེ་རྒྱས་སྤྲོས་ཆེ་ཤོས་སུ་གྱུར་ཡོད། 1989ལོར་ཞུས་གོ་ཆང་གིས་བཟའ་མཁས་འཐུང་མཁས་བྱས་ནས་བསགས་པའི་དངུལ་སྒོར་1500ཡིས་གློག་བརྙན་སྟོན་ཆས་ཤིག་ཉོས་ཤིང་། གློག་བརྙན་སྟོན་ཆས་སྤྱོད་སྟངས་གང་མགྱོགས་ཁོང་དུ་ཆུད་ཆེད། ཁོང་གིས་གློག་བརྙན་བཟོ་གྲྭའི་ལས་རེས་ཁང་དུ་བསྡད་དེ་ཉིན་མཚན་བསྟུད་མར་ཆེད་ལས་ཀྱི་དཔེ་དེབ་རང་སྦྱོང་བྱེད་ཞོར་གད་འཕྱགས་པ་དང་། པར་གཞི་སྟོན་པར་རྒྱུག་པ། གློག་བཟོ་བ་སོགས་ཀྱི་ལས་ཀ་ཙག་ཙིག་ཚང་མ་འགན་གཙང་བླངས།

སྤྱིན་ཤོག་ཚོན་ཁྲ་མིན་པ་ནས་གྲངས་འཛིན་ཡོལ་དཀར་དུ་གྱུར་པའི་བར་དང་། སྒྲིག་ཆས་སྒལ་པར་ཁུར་ནས་རྐང་ཐང་མར་བསྐྱོད་པ་ནས་ཆེད་ལས་བརྙན་སྟོན་རླངས་འཁོར་གཏོང་བའི་བར་ལས་གནས་ཐོག་ལོ་36ལས་ཀ་བྱས་ཤིང་། རིམ་རྩིས་བརྒྱབ་ན། ཞུས་གོ་ཆང་གིས་ལམ་ཐག་སྤྱི་ལེ་ཁྲི་20བསྐྱོད་ནས་གློག་བརྙན་ཐེངས་8000ལྷག་ཙམ་བསྟན་པར་ལྟད་མོ་བ་མི་ཐེངས་ཁྲི་40ལྷག་ཙམ་ཟིན་པ་དེ་ཧ་ལམ་གསེར་ཆེན་རྫོང་ཡོངས་ཀྱི་མི་འབོར་གྱི་ལྡབ་3ཙམ་དང་མཚུངས་ཀྱི་ཡོད།

1990ལོར་གཉེན་སྒྲིག་བྱས་རྗེས། ཁོང་གི་བཟའ་ཟླ་མཱ་ཡུས་མེ་ཡིས“ངས་ཁྱེད་དང་མཉམ་དུ་ཡོང་ཆོག”ཅེས་བཤད་དེ་ཞུས་གོ་ཆང་དང་མཉམ་དུ་གློག་བརྙན་སྟོན་པའི་ལམ་དུ་བཞུད། རྩྭ་ཐང་གི་གྲོང་སྡེའི་དབར་བར་ཐག་རིང་ཤོས་ལ་སྤྱི་ལེ་100ལྷག་ཙམ་ཟིན་པ་དང་། བཟའ་ཚོ་གཉིས་སྐབས་རེ་ཉིན་40ལྷག་ཙམ་ཁྱིམ་དུ་ལོག་ཐུབ་ཀྱི་མེད། ཕྱི་ལོགས་སུ་དཀའ་ངལ་འཕྲད་པའི་སྐབས། ལྷས་ར་དང་སྤྱིལ་བུའི་ནང་དང་ཐ་ན་ལམ་ཟུར་དུ་འགྱིག་ཤོག་བཏིང་ནས་ཉལ་གྱི་ཡོད།

ཞུས་གོ་ཆང་གིས་ཡོལ་དཀར་གྲུ་བཞི་འདི་ནི་གློག་བརྙན་གྱི་འཇིག་རྟེན་ཞིག་ཡིན་ལ། དེ་བས་སྲིད་ཇུས་བརྒྱུད་བསྒྲགས་བྱེད་པའི་སྐར་ཁུང་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་རང་གི་ལག་དངུལ་ནས་ལན་ཆིའུ་སྤོ་ལོ་དང་ཡིག་ཆས་སོགས་ཉོས་ཏེ་ཡུལ་མི་ཚོ་ཚན་རིག་སློབ་གསོའི་དྲིལ་བསྒྲགས་པར་གཞི་ལྟ་བར་འོང་བར་བློ་འགུགས་ཀྱི་ཡོད། ལོ་60ལ་སླེབས་པའི་ཡུལ་མི་ཧོ་ལུང་གིས་སྔོན་མ་གློག་བརྙན་མ་བསྟན་གོང་ཡུལ་མི་ཚོས“ད་རེས་ཁྱེད་ཀྱིས་ཚན་རིག་སློབ་གསོའི་པར་གཞི་རྐྱང་རྐྱང་མིན་པ་གཞན་གང་ཞིག་སྟོན་རྩིས་ཡོད་དམ”ཞེས་རྟག་ཏུ་རྩེད་མོའི་ཚུལ་གྱིས་དྲིས་པར། ཁོང་གིས“སེམས་ཁྲལ་མ་བྱེད། ད་རེས་ཚང་མས་དགའ་པོ་བྱེད་པའི་གློག་བརྙན་ཡིན”ཞེས་འཛུམ་དམུལ་དམུལ་ངང་ཤོད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

ན་ནིང་། ཞུས་གོ་ཆང་ཕ་བུ་གཉིས་ཀྱིས《ཅའོ་ཡུས་ལུའུ》དང《རྟ་མཆོག་གི་ཕ་ཡུལ》སོགས་རྒྱ་བོད་སྐད་གཉིས་ཀྱི་གློག་བརྙན་སྟོན་ཆེད་ལ་བརྒྱབ་ཀླུང་བརྒལ་བྱས་ནས་གསེར་ཆེན་རྫོང་གྲོང་དང་བར་ཐག་སྤྱི་ལེ་200ལྷག་ཙམ་གྱིས་ཆོད་པའི་རྟ་ནག་མ་གྲོང་རྡལ་རྭ་འཁྱོག་གྲོང་ཚོར་བསྐྱོད། ཞུས་ཀྲེང་ཏུང་གིས། “དེའི་དགོང་མོ་རླུང་བུ་ཧ་ཅང་ཆེན་པོ་འདུག ང་རང་འཁྱགས་ཏེ་མིག་ཆུ་ཡང་ཤོར་ནས་གློག་བརྙན་སྟོན་མཚམས་འཇོག་རྒྱུའི་བསམ་བློ་ཐོག་མ་དེ་འཁོར་བྱུང་། འོན་ཀྱང་ཕས་གློག་བརྙན་སྟོན་ཆས་རེ་རེ་བཞིན་གྲ་སྒྲིག་བྱེད་པ་མཐོང་སྐབས་རང་ཉིད་ཀྱི་སེམས་པ་ལྷོད་ལ་བབས་ནས་སེམས་ཤུགས་ཀྱང་འཕེལ་བྱུང་། གློ་བུར་དུ་རང་ཉིད་ཀྱི་སེམས་ནང་ཁོང་གིས་འདི་ལྟ་བུའི་མཚན་མོ་ཇི་འདྲའི་མང་པོ་ཞིག་བརྒྱུད་ཡོད་ཨང་སྙམ་བྱུང”ཞེས་དྲན་གསོ་བྱེད་བཞིན་དུ་བཤད།

འདི་ལོའི་ཟླ་བཞི་པར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཕན་གློག་བརྙན་སྟོན་ཆས་གསར་པར་བརྗེ་བའི་མཛད་སྒོའི་ཐོག“གློག་བརྙན་གྱིས་ས་མཐོའི་ཕུགས་འདུན་འགྲུབ་པར་གཞོལ་བའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཕན་གློག་བརྙན་སྟོན་པའི་དཔེ་སྟོན་ཞབས་ཞུའི་རུ་ཁག”8ཀྱིས་རུ་དར་བླངས་ནས། མུ་མཐུད་སྤྱི་ཕན་གློག་བརྙན་བྱ་གཞག་ཆེད་འབད་འཐབ་བྱེད་པའི་འགོ་བརྩམས་ཤིང་། སྔོན་མ་ཞུས་གོ་ཆང་གཅིག་པོ་ཡིན་པ་ནས་ད་ཆ་གློག་བརྙན་སྟོན་མཁན་མང་པོ་ཡོད་པའི་བར་འགྱུར་ལྡོག་བྱུང་སྟེ། གློག་བརྙན་སྟོན་མཁན་མི་རབས་མང་པོས་གངས་རིའི་འདབས་དང་། རྩྭ་ཐང་། ཞིང་ནང་དང་མུ་ཁ་སོགས་སུ་ཡོལ་དཀར་བསྒར་ནས་གློག་བརྙན་བསྟན་ཏེ་ཞིང་འབྲོག་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད།

(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)

འདི་ནི་ཞུས་གོ་ཆང་འཚོ་བཞུགས་སྐབས་བཟའ་ཟླ་དང་མཉམ་དུ་གློག་བརྙན་སྟོན་པར་སྐྱོད་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་མཁོ་འདོན་བྱས) (དཔྱད་གཞིའི་པར་རིས)

འདི་ནི་ཞུས་གོ་ཆང་འཚོ་བཞུགས་སྐབས་བཟའ་ཟླ་དང་མཉམ་དུ་གློག་བརྙན་སྟོན་པར་སྐྱོད་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་མཁོ་འདོན་བྱས) (དཔྱད་གཞིའི་པར་རིས)