འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་6ཉིན།

༄༅།།ཉིང་ཞ་དབྱིན་ཁྲོན་གྱིས་རིག་གནས་དང་། ཚོང་དོན། ཡུལ་སྐོར་བཅས་ཟུང་དུ་འབྲེལ་ནས་གུང་གསེང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་06ཉིན། 09:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་འཁྲུག་ཆ་དོད་པ་དང་། གྲོང་གསེབ་ཏུ་ཡུལ་སྐོར་སྟོབས་ཤུགས་རྒྱས་པ། གྲོང་ཁྱེར་དུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་པ་སོགས། “ལྔ་གཅིག”གུང་གསེང་རིང་། ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་གྱིས་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཁྱད་ལྡན་ལམ་ཐིག་གཏོད་པ། འཛད་སྤྱོད་རྣམ་པ་གསར་གཏོད་སོགས་ཀྱི་བྱེད་ཐབས་བརྒྱུད་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། དམངས་བདེ་དམངས་ཕན་གྱི་ཞབས་ཞུ་རིམ་སྤོར་བྱས་ནས་གུང་གསེང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་ཡོད།

     “ལྔ་གཅིག”གུང་གསེང་རིང་། དབྱིན་ཁྲོན་གྲོང་ཁྱེར་གྱིས་ལན་ཧྲན་སྤྱི་གླིང་གི་རོལ་དབྱངས་འདུ་ཚོགས་དང་། དམངས་གཞས་དུས་ཆེན། ཉི་མ་ལ་ཁའི་སྤྲོ་ཚོགས་སོགས་དབྱིངས་ཞུགས་རྣམ་པའི་ཉམས་ལེན་ཐོན་རྫས་གསར་རྐྱང་བཏོན་ནས་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་བའི་ཡིད་དབང་བཀུག་ཡོད། མེ་ཏོག་སྟོན་ཚོགས་གླིང་གི་མཚན་མོ་དང་ཐུའུ་ལན་ཏུའོ་འདར་འགྲིལ་རོལ་དབྱངས་འདུ་ཚོགས་སོགས་ཀྱི་བྱེད་སྒོ་30ལྷག་ཙམ་གྱིས་གྲོང་མི་དང་ཡུལ་སྐོར་བ་གྲོང་ཁྱེར་དུ་ཡུལ་སྐོར་བྱེད་པའི་དགོས་མཁོ་སྣ་ཚོགས་བསྐངས་ཡོད།

     གུང་གསེང་རིང་གི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གང་ལེགས་འདོན་ཆེད། དབྱིན་ཁྲོན་གྲོང་ཁྱེར་གྱིས་སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་གནད་ལ་འཁེལ་པོས་སྤྲད་ནས་མང་ཚོགས་ཀྱི“བཟའ་སྡོད་སྐྱོད་གསུམ་དང་། སྐོར་རྩེད་ཉོ་གསུམ”གཅིག་འཐུས་རྣམ་པའི་འཛད་སྤྱོད་ཉམས་ལེན་དང་སྣ་མང་ཅན་གྱི་ཞབས་ཞུའི་དགོས་མཁོ་བསྐངས་ཡོད། ཤིན་ཆིང་ཆུས་ལ་དཔེ་མཚོན་ན། གུང་གསེང་རིང་སྒོར་ཁྲི་256རི་བའི་འཛད་སྤྱོད་འཛིན་ཤོག་གཅིག་རྗེས་གཉིས་མཐུད་ངང་སྤྲད་དེ“རྙིང་པ་གསར་པར་བརྗེ་བའི”སྲིད་ཇུས་མང་དུ་བཏང་ནས་ཁྲོམ་གཞུང་གི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ནས་ཚོང་ལས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད།

     དམངས་བདེ་དམངས་ཕན་གྱི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་ནི་གུང་གསེང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་འགན་ལེན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། “ལྔ་གཅིག”གུང་གསེང་རིང་། དབྱིན་ཁྲོན་གྲོང་ཁྱེར་གྱིས་མགྲོན་ཁང་དང་། བཟའ་བཏུང་། ཞག་སྡོད། གླ་འཁོར། མཛེས་ལྗོངས་ཁུལ། མེ་འཁོར་བབས་ཚུགས། གནམ་ཐང་སོགས་སྐར་ཁུང་ཚན་པར་ཡ་རབས་ཞབས་ཞུ་ལེགས་སུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཡོད།

     “ང་ཚོས་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་དང་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བས་ཞུ་གཏུག་བྱས་ན་སྔོན་ལ་སྐྱིན་ཚབ་སྤྲོད་པ་མ་ཟད། ཁྲིམས་སྒྱུར་གྱི་སྒྲིག་འགལ་བྱེད་ཐེངས་དང་པོར་ཆད་པ་མི་གཅོད་པ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་སྟེ། རྒྱ་ཆེའི་ཡུལ་སྐོར་བར་སྔར་བས་ཞི་ལྷོད་དང་བདེ་འཇགས་ཀྱི་ཡུལ་སྐོར་ཁོར་ཡུག་བཏོད་ཡོད”ཅེས་དབྱིན་ཁྲོན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཝུའུ་ཅིན་གྱིས་བཤད་པ་དང་། ཁོང་གིས། ཡུལ་སྐོར་བ་ཕྱིར་སྐྱོད་ཀྱི་ཉམས་ལེན་ལེགས་སུ་གཏོང་ཆེད། དབྱིན་ཁྲོན་གྲོང་ཁྱེར་གྱིས་གཙོ་གནད་མཛེས་ལྗོངས་ཁུལ་ལ་རླངས་འཁོར་འཇོག་ས་ལེགས་སུ་གཏོང་བ་དང་། གནས་སྐབས་ཐོན་སྒོ་མང་དུ་གཏོང་བ། མཛེས་ལྗོངས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་མང་དུ་བཏང་བ་མ་ཟད། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་རླངས་འཁོར་འཇོག་སར་སྔོན་ལ་དོན་ནས་རྗེས་སུ་གྲོན་དངུལ་སྤྲོད་པ་དང་ཁྲིམས་བཀོད་ཀྱི་དུས་ཆེན་དང་གུང་གསེང་ཉིན་མོར་སྒོ་ཕྱེ་ནས་རིན་མེད་ངང་རླངས་འཁོར་འཇོག་ཆོག་པ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་སྟེ། ཡུལ་སྐོར་བའི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད་ཅེས་བཤད།