གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་30ཉིན། 13:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་སྦྲགས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་དེ་མིན་གྱི་ངལ་རྩོལ་མང་ཚོགས། དེ་བཞིན་རིམ་ཁག་བཟོ་ཚོགས་རྩ་འཛུགས་དང་བཟོ་ཚོགས་ལས་དོན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ།
ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས་པ། ཚའེ་ཆི་ཡིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་28ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་སྟེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་གོམ་སྟབས་བརྟན་པོ་དང་། འབད་འབུངས་ཡར་བརྩོན། ལེགས་སྐྱེས་ཧུར་ཐག་འབུལ་བ་བཅས་བྱས་ཏེ་གོམ་པ་རིམ་བགྲོད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བརྗིད་ཆེའི་འཆར་གཞི་དོན་དངོས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་སུ། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་ངལ་རྩོལ་མང་ཚོགས་གཞན་དག་དང་རིམ་ཁག་བཟོ་ཚོགས་རྩ་འཛུགས་དང་བཟོ་ཚོགས་ལས་དོན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མ་ཟད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བཟོ་ཚོཌ་དང་ངལ་རྩོལ་ལས་རིགས་ཀྱི་གྲོགས་པོ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
ལི་ཆང་གིས་ཚོཌ་ཆེན་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས་པ་དང་། ཚའེ་ཆི་ཡིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།
མི་དམངས་ཚོགས་ཁང་ཆེན་མོར་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་། ཀྲུའུ་ཞི་སྡིངས་ཆའི་ཡང་སྟེང་དུ“ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན”ཞེས་པའི་འཕྲེད་སྦྱར་ཚོགས་མིང་བཀལ་ཡོད་པ་དང་། རྒྱབ་ཡོལ་གྱི་དབུས་སུ་ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་རྟགས་བཀལ་ཡོད། ཚོགས་རྟགས་ཀྱི་གཤམ་དུ“1925—2025”ལོའི་མཚོན་རྟགས་བཀལ་ཡོད་ལ། དར་དམར་10གཞོགས་གཉིས་སུ་བསྒྲིགས་ཡོད། ཐོག་སོ་གཉིས་པའི་གཟིགས་སྟེགས་སུ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་དང་བཟོ་ཚོགས་ཀྱི་སྦྲེལ་ཟམ་ནུས་པ་གང་ལེགས་འདོན་དགོས”ཞེས་པའི་སྦྱར་ཡིག་བཀལ་ཡོད།
སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་རེད།
ཚའེ་ཆི་ཡིས《རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་སྟེ། མི་1670ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་གནང་བ་དང་མི་756ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་གནང་བ་རེད།
སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་འཐུས་མི་རེ་རེ་བཞིན་ཀྲུའུ་ཞི་སྡིངས་ཆའི་ཐོག་བསྐྱོད་པ་དང་། ཞི་ཅིན་ཕིང་སོགས་ཀྱིས་ཁོང་ཚོར་གཟི་བརྗིད་ལག་ཁྱེར་གནང་བ་རེད།
ཀྲུང་གོ་ལྗིད་བའི་འཕྲུལ་ཆས་ཚོགས་པ་གཉིས་པ་ཏེ་དབྱང་དབན་ཧང་མུའོ་ཏོན་ཀུང་སིའི་ཚོགས་ཆུང་གི་ཙུའུ་ཀྲང་ཡེ་ལིན་ཝུའེ་ཡིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་ཚབ་ཞུས་ནས་གྲོས་འགོའི་ཡི་གེ་སྒྲོག་སྦྱངས་བྱས་པ་རེད།
ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རིམ་ཁག་བཟོ་ཚོགས་ཀྱིས་ཏང་གི་ལོ་རྒྱུས་དུས་སྐབས་ཁག་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ཏང་གི་རྗེས་སུ་འབྲང་བ་དང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་མཐུན་སྒྲིལ་སྐུལ་སློང་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ཁྲོད་ཉམས་པ་མེད་པའི་བྱས་རྗེས་བཞག་སྟེ་རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་བརྗིད་ཆེའི་ལེའུ་བརྩམས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་སྐོར་ལ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ལ། ལས་དོན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་དང་སྐུལ་འདེད་བཏང་བ་མ་ཟད། ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་པར་བརྟེན་ཏང་གི་བཟོ་པའི་ལས་འགུལ་གྱི་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ཏེ། ཏང་གི་བཟོ་པའི་ལས་འགུལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཕྱོགས་ཡོངས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ཡོད། རིམ་ཁག་བཟོ་ཚོགས་ཀྱིས་རྒྱ་ཆེའི་ལས་བཟོ་མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ཁྲོད་འཇོན་ཐང་ངོམས་ཏེ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བརྟན་ལ་བློས་འགེལ་ཆོག་པའི་གྲལ་རིམ་གྱི་རྨང་གཞི་དང་། རང་རེའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲལ་རིམ། སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་མཚོན་བྱེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་བཅས་ངོ་གནོང་མི་དགོས་པ་ཞིག་དང་། རང་རྒྱལ་གྱི་བཟོ་ཚོགས་ནི་ཏང་གིས་ལས་བཟོ་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་གི་སྤྱི་ཚོགས་ཀྱི་ཀ་རྟེན་གལ་ཆེན། ལས་བཟོའི་ཁེ་ཕན་གྱི་འཐུས་ཚབ་པ་དང་སྲུང་སྐྱོང་མཁན་བཅས་ངོ་གནོང་མི་དགོས་པ་ཞིག་ཡིན་པ་ལོ་100ཡི་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད། དུས་རབས་ཀྱི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་ཚོགས་སྤྱི་འཕེལ་རྒྱས་དང་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱི་གནས་བབ་དང་ནུས་པ་དང་། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་མཛད་ཕྱོགས། རང་རྒྱལ་གྱི་བཟོ་ཚོགས་ཀྱི་ངོ་བོ་དང་འགན་ནུས་བཅས་ལ་གཡོ་འགུལ་གཏོང་མི་རུང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་100ཡི་རིང་། ཏང་གི་བཟོ་པའི་ལས་འགུལ་བྱ་གཞག་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་འཕེལ་རྒྱས་ཀྱི་འགྲོ་ལམ་གྲུབ་པ་དེ་རེད། འགྲོ་ལམ་དེར་ཏང་གིས་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་མཛད་ཕྱོགས་མཐའ་འཁྱོངས། ཏང་གི་ལྟེ་བའི་ལས་འགན་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། བཟོ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་མཐའ་འཁྱོངས། ལས་བཟོ་མང་ཚོགས་ལ་ཞབས་འདེགས་ཞུ་བ་རྩ་བར་བརྩི་རྒྱུ་མཐའ་འཁྱོངས། བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བཅས་བྱ་རྒྱུ་ནི་ཏང་གིས་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ལྟེ་བའི་ལས་འགན་ནི་རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་སྔར་བས་སྐུལ་སློང་དང་ལྕག་སྐུལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་རྒྱ་ཆེའི་ལས་བཟོ་དང་ངལ་རྩོལ་མང་ཚོགས་སྐུལ་སློང་དང་ལྕག་སྐུལ་བྱས་ཏེ་བྱས་རྗེས་འཇོག་པ་དང་གསར་གཏོད་གསར་སྐྲུན་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དང་འཚམ་པར་བྱས་ནས་ངལ་རྩོལ་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་དགོས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་རྒྱ་ཆེའི་ལས་བཟོ་དང་ངལ་རྩོལ་མང་ཚོགས་ཀྱི་བདེ་རྩ་བརྟན་པོའི་ངང་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་ནི་མི་དམངས་ཀྱི་མིག་དཔེ་དང་རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣ་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་ཁོང་ཚོའི་བྱས་རྗེས་ལ་སློབ་སྦྱོང་དང་ཁོང་ཚོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པས་གཟི་བརྗིད་ལ་གཅེས་སྤྲས་དང་རང་གཤིས་རྒྱུན་འཁྱོངས་བྱས་ནས་མུ་མཐུད་འབད་བརྩོན་དང་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རིམ་ཁག་བཟོ་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བཟོ་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ལས་བཟོ་དང་ངལ་རྩོལ་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པར་བྱེད་དགོས། ལས་བཟོ་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་ངང་ལས་བཟོ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ལས་བཟོ་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བཟོ་ཚོགས་སྒྱུར་བཅོས་དང་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་སྟེ་ཁྲིད་སྟོན་ནུས་པ་དང་། སྒྲིག་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བཟོ་པའི་ལས་འགུལ་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་ཀྱིས་བཟོ་ཚོགས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་བཟོ་ཚོགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ནས་བཟོ་ཚོགས་ཀྱིས་ལས་འགན་སྒྲུབ་པར་མཐུན་རྐྱེན་སྐྲུན་དགོས།
ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་100ཡི་རིང་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོའི་བཟོ་པའི་ལས་འགུལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་གྲུབ་འབྲས་རླབས་པོ་ཆེར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་ཀྲུང་གོའི་བཟོ་པའི་གྲལ་རིམ་དང་ཀྲུང་གོའི་བཟོ་ཚོགས་ཀྱི་གནས་བབ་དང་ནུས་པར་ཁས་ལེན་གང་ལེགས་གནང་བ། བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་ཉམས་མྱོང་རྩ་ཆེན་ཕྱོགས་སྡོམ་གཏིང་ཟབ་གནང་བ། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་རེ་བ་ཟབ་མོ་བཅོལ་གནང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་བཟོ་ཚོགས་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད། གསུང་བཤད་ནང་ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་པས་དེར་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་ངེས་པར་དུ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་སླར་ཡང་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་དགོས།
ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།
ཚོགས་ཆེན་དེ་བརྗིད་ཉམས་ལྡན་པའི《རྒྱལ་སྤྱིའི་གླུ་གཞས》ཁྲོད་མཇུག་འགྲིལ་བ་རེད།
ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགོ་ཁྲིད་ཀྱི་འགན་བཞེས་མྱོང་བའི་བློ་མཐུན་རྒན་གྲས་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཞིང་ཆེན་རིམ་པའི་སྤྱི་ཁྱབ་བཟོ་ཚོགས་ཁག་གི་འཐུས་མི། 2025ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ། སྐབས་གོང་མའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་འཐུས་མི་སོགས་མི་3000ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
(པ་སངས་དང་། མཚམས་གཅོད། ཚེ་ཁོ། བསྟན་བཟང་བཅས་ཀྱིས་སྒྱུར་ཞུས་བྱས)
ཟླ་4ཚེས་28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་འཐུས་མིར་གཟི་བརྗིད་ལག་ཁྱེར་གནང་བ།