འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་30ཉིན།

༄༅།།གཞི་རིམ་ལས་ཞུགས་ཞབས་ཞུའི་ཁྲོད་ལང་ཚོའི་དཔལ་འབར་བའི་ཚའེ་ཧྲོའུ་ཝུན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་30ཉིན། 10:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། གཡང་ཕྱུག་ཟླ་སྒྲོན། ཝང་པོའོ།

     ལོ་33ལ་སླེབས་པའི་ཚའེ་ཧྲོའུ་ཝུན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ལས་དོན་མི་སྣ་ཞིག་ཡིན། 2016ལོའི་ཟླ་9པར་ཁོང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སྤྱི་ཚོགས་ལས་དོན་ཆེད་ལས་ནས་ཐོན་རྗེས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལྟར་ཁྲི་ཀ་རྫོང་ལས་ཞུགས་ཞབས་ཞུ་ཅུས་སུ་ལས་ཀར་ཡོང་། དེ་སྔའི་ལས་ཞུགས་གདམ་གའི་སྐོར་གླེང་སྐབས། ས་སྐྱེས་རྡོ་སྐྱེས་ཀྱི་ཁྲི་ཀའི་གཞོན་ནུ་དེས“ཕ་ཡུལ་གྱིས་ང་བསྐྱངས་པས། ངས་སྦྱངས་པའི་ཤེས་བྱ་ཕ་ཡུལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་སྤྱོད་ཀྱི་ཡིན”ཞེས་བཤད།

     ཁྲི་ཀ་རྫོང་ནི་མཚོ་སྔོན་གྱི་ལྷོ་རྒྱུད་དུ་གནས་པ་དང་ལས་ཞུགས་ཐོན་ཁུངས་ཞན་པས། མང་ཚོགས“ཕྱིར་འགྲོ་མི་ཐུབ་པ་དང་། གནས་མི་ཐུབ་པ། ཡོང་འབབ་མི་རག་པ”བཅས་ཀྱི་ལས་ཞུཌ་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད། ཐོག་མར་ལས་གནས་སུ་སླེབས་སྐབས་ཚའེ་ཧྲོའུ་ཝུན་གྱིས་ཉིན་མོ་བློ་མཐུན་རྒན་གྲས་དང་མཉམ་དུ་སྲིད་ཇུས་སྦྱོང་བ་དང་གྲོང་རྡལ་དུ་བསྐྱོད་པ་དང་། དགོང་མོར་ཡིག་ཚགས་ལེགས་སྒྲིག་དང་དཔེ་མཚོན་ལ་ཞིབ་འཇུག་བྱས་ནས། ལས་ཀའི་གནས་ཚུལ་ཚང་མ་ཟིན་བྲིས་སུ་བཀོད་ཡོད། ལོ་གཉིས་ཀྱི་ཞབས་ཞུའི་དུས་ཡུན་ཐིམ་རྗེས། ཁེ་ལས་ཀྱི་ཆ་རྐྱེན་ཧ་ཅང་བཟང་པོ་ཡོད་རུང་། ཁོང་གིས“ཡུལ་མི་ཚོར་ང་མཁོ་པོ་ཡོད། འདི་གའི་ལས་ཞུགས་ཞབས་ཞུར་ང་དེ་བས་མཁོ་པོ་ཡོད”ཅེས་ཐེ་ཚོམ་མེད་པར་གདམ་ག་བྱས།

     ལྷག་བསམ་དེར་བརྟེན་ནས་ཚའེ་ཧྲོའུ་ཝུན་མང་ཚོགས་ཀྱིས་བཤད་པའི“ལས་ཞུགས་ཀུན་ཤེས་པ”ཞིག་ཏུ་གྱུར་ཡོད། རྩལ་ནུས་གསོ་སྦྱོང་དང་། ངལ་ལས་ཕྱིར་གཏོང་། ལས་རིགས་ངོ་སྤྲོད། ཡིག་ཚགས་དོ་དམ་སོགས་ལོ་བརྒྱད་ལྷག་ཙམ་རིང་ཁོང་གི་ལས་ཀའི་གསལ་ཐོ་ཇེ་མང་དུ་ཕྱིན་ཡོད་ལ། ལས་སྒོའི་ཁྱབ་ཁོངས་ཀྱང་རྒྱ་ཆེར་སོང་ནས་རང་ངོས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

     2023ལོའི་ཟླ་3པར་ས་མཐོའི་དཔྱིད་ཀ་སྔར་བཞིན་གྲང་ངར་ཆེ་ཡང་། ཚའེ་ཧྲོའུ་ཝུན་གྱིས་ལས་མི་95ཁྲིད་ནས་སྤྱི་ལེ་1400ལྷག་ཙམ་སར་བསྐྱོད། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ནས་སི་ཁྲོན་ཞིང་ཆེན་ཉག་ཆུ་རྫོང་ཁི་ལ་འོད་ཤུགས་གློག་ཁང་བར་ཉིན་གསུམ་དང་མཚན་མོ་གཉིས་ཀྱི་རླངས་འཁོར་གྱི་ལམ་ཐག་ཏུ་ཁོང་ནི་སྣེ་ཁྲིད་པ་ཡིན་ལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་མི་སྣ་ཡང་ཡིན་ཞིང་། ས་མཐོའི་མང་ཚོགས་ལ“ཁྱིམ་ནས་ཐོན་པ་ནས་བཟོ་གྲྭའི་སྒོར་འཛུལ་བའི་བར”ལས་ཞུགས་འབྲེལ་མཐུད་ཐུབ་པ་བྱེད་ཀྱི་ཡོད།

     དབང་པོ་སྐྱོན་ཅན་གཞོན་ནུ་རྣམས་ལ་ལས་ཞུགས་ཇུས་གཞི་བཟོ་བ་དང་། དུག་གཅོད་མི་སྣའི་འཚོ་བའི་ཡིད་ཆེས་སླར་ཡང་འཕེལ་བར་བྱེད་པ། གཞིས་ལུས་བུད་མེད་ལ་བབ་བསྟུན་གྱི་ལས་གནས་མཐུན་སྦྱོར་བྱེད་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཚའེ་ཧྲོའུ་ཝུན་གྱིས་དེ་བས་བརྩེ་བ་ཟབ་མོ་འཆང་གི་ཡོད། དབུལ་ལོག་ལྟ་ཞིབ་ཚད་ལེན་དུད་ཚང་ལི་ཕིང་གི་ཁྱིམ་ལ་གོད་ཆག་བྱུང་ནས་དཀའ་ངལ་གྱི་གནས་སུ་གྱར་བ་ཤེས་སྐབས། ཚའེ་ཧྲོའུ་ཝུན་གྱིས་ཉིན་མཚན་ལ་མ་ལྟོས་པར་སྤྱི་ལེ་40ལྷག་ཙམ་གྱི་སར་རླངས་འཁོར་བཏང་ནས་ཁོ་མོར་རོགས་སྐྱོར་བྱེད་པར་ཐེངས་མང་བསྐྱོད་ཅིང་། སྤྱི་ཕན་རང་བཞིན་གྱི་ལས་གནས་རེ་ཞུ་བྱེད་པ་ནས་ལས་ཞུགས་སེམས་ཁམས་ཁྲིད་སྟོན་བྱེད་པའི་བར་ཁོང་གིས་ཕུ་བོ་ཞིག་ལྟར་ལི་ཕིང་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

     2024ལོའི་ཟླ་6པར་ཚའེ་ཧྲོའུ་ཝུན་གཟི་བརྗིད་ལྡན་པའི་སྒོ་ནས་ཏང་ལ་ཞུགས་ཤིང་། ཏང་དར་འོག་ཏུ་བརྗིད་ཉམས་ལྡན་པའི་དམ་བཅའ་འཇོག་སྐབས། གུང་ཁྲན་ཏང་ཡོན་གྱི་ཐོབ་ཐང་ལ་གོ་བ་སྔར་ལས་ཟབ་པ་རྙེད་དེ། “རང་ངོས་ནས་གཟི་འོད་འཕྲོ་དགོས་པ་མ་ཟད། འོད་ཟེར་བརྒྱུད་སྤྲོད་བྱེད་མཁན་གྱི་མེ་སོན་དུ་དེ་བས་འགྱུར་བར་བྱེད་དགོས”ཞེས་བརྗོད།

      “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་དང་བླངས་པ་ནས་གུང་ཁྲན་ཏང་ཡོན་བར་དང་།ལས་སྒོའི་དམག་གསར་ཞིག་ནས་ཀྲོའུ་ཡོངས་ཀྱི“ཡར་ཐོན་དགེ་བརྩོན་གྱི་གཞོན་ནུ་བཟང་པོ་ཞིག”བར་ཚའེ་ཧྲོའུ་ཝུན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་བསྲུངས་ཏེ་གཞི་རིམ་ལས་ཞུགས་ཞབས་ཞུའི་ཁྲོད་ལང་ཚོའི་གཟི་འོད་རྒྱས་པར་བྱས་ཡོད།