གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་30ཉིན། 10:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་7པར། མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་བདེ་སྐྱིད་མཛེས་ལྗོངས་ཁུལ་དུ་ཀྲུང་གོའི་གཅན་ཚ་རྨ་ཆུའི་ལྕགས་མིའི་རྣམ་གྲངས་གསུམ་གྱི་ཡོངས་བསྒྲགས་འགྲན་བསྡུར་བྱ་རྒྱུ་ཡིན་ཞིང་། གསར་འགོད་པར་ཉེ་ཆར་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འགྲན་བསྡུར་ནང་ཕུལ་བྱུང་ཚོགས་ཆུང་དང་། ལམ་ཐག་ཧྲིལ་པོ་དང་ལམ་ཕྱེད་ཀྱི་ལོ་ཚད་དབྱེ་བའི་ཚོགས་ཆུང་། ཚོགས་པའི་མཐུད་རྒྱུག་ཚོགས་ཆུང་། རྐང་འཁོར་བཞོན་པ་དང་རྒྱུག་ཤར་གློད་པའི་རྣམ་གྲངས་གཉིས་ཀྱི་མང་ཚོགས་ཚོགས་ཆུང་། རྨ་ཆུ་འཕྲེད་བརྒལ་གྱི་འགྲན་སློང་ཚོགས་ཆུང་བཅས་ཚོགས་ཆུང་དྲུག་ཡོད་པར་བདམས་ཐོན་པ་200ལྷག་ཙམ་འགྲན་བསྡུར་ལ་ཞུགས་རྩིས་ཡོད་པ་རེད།
གཅན་ཚ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་པིན་གྱིས། “གཅན་ཚ་རྫོང་གིས་འགྲན་བསྡུར་གོ་སྐབས་སུ་བྱས་ནས‘ས་མཐོའི་ལྕགས་མིའི་རྣམ་གྲངས་གསུམ’གྱི་གྲོང་ཁྱེར་གྱི་མིང་གྲགས་སྔར་བས་ཆེ་རུ་བཏང་སྟེ་ས་གནས་དེ་གའི་བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་དང་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་ཐོན་ཁུངས་ལ་བརྟེན་ཏེ་འགྲན་བསྡུར་དེ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་བརྒྱུད་སྤེལ་བྱེད་སའི་ལས་སྟེགས་གསར་པ་ཞིག་ཏུ་གཏོད་རྒྱུ་ཡིན”ཞེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། གཅན་ཚ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་འགྲན་བསྡུར་གཉེར་བའི་ཉམས་མྱོང་གང་ལེགས་བཏོན་ཏེ་ས་གནས་དེ་གའི་ས་ཁམས་ཆགས་ཚུལ་དང་སྐྱེ་ཁམས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ། ཚན་རིག་དང་མཐུན་པའི་ངང་འགྲན་བསྡུར་གྱི་ལམ་ཐིག་འཆར་འགོད་བྱེད་པ་དང་ཆབས་ཅིག་ཆེད་ལས་ཀྱི་ལྟ་ཞིབ་ཚད་ལེན་ཚོགས་པ་བཙུགས་ཏེ་རྨ་ཆུའི་ཆུ་ཁོངས་ཀྱི་ཆུའི་དྲོད་ཚད་དང་རྒྱུག་ཚད་སོགས་འགག་རྩའི་སྟོན་གྲངས་ལ་སྐབས་བསྟུན་ཚོད་འཛིན་བྱས་ནས་རྒྱལ་སྤྱིའི་ཆེད་ལས་འགྲན་བསྡུར་གྱི་ཚད་གཞི་དང་མཐུན་རྒྱུའི་འགན་ལེན་བྱ་རྒྱུ་མ་ཟད། གཙོ་གཉེར་བྱེད་མཁན་ཕྱོགས་ཀྱིས་ཆེད་ལས་ཀྱི་རོགས་སྐྱོབ་གྲུ་གཟིངས་རུ་ཁག་དང་། སྨན་བཅོས་འགན་སྲུང་རུ་ཁག་གྲ་སྒྲིག་བྱས་ཏེ་ཕྱོགས་ཡོངས་ལ་ཁྱབ་པའི་བདེ་འཇགས་འགན་སྲུང་མ་ལག་བསྐྲུན་པ་དང་འབྲེལ་འགྲན་བསྡུར་གྲ་སྒྲིག་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཞབས་ཞུ་སོགས་ཀྱི་ལྷུ་ཚིགས་མུ་མཐུད་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།